Sunday, 24 July 2011

དུར་ཁྲོད་ནང་གི་སྙན་ངག






  • ཀྭ་ཡེ་ཀློག་པ་པོ་ལགས། གཅིག་བྱས་ན། འདི་ནི་བདག་གི་ཆེས་མཐའ་མའི་སྙན་ངག་ཞིག་ཏེ། མི་ཚེའི་མྱངས་ཚད་འདུས་པའི་ཚེ་སྲོག་གི་ཆོད་སེམས་ཤིག་ཀྱང་ཡིན་སྲིད། 

  • བདག་ནི་ཤ་ཁྲག་རུས་རྐང་གི་འཇིག་རྟེན་གྱི་ཁྱོན་ནས། སེམས་ཉིད་རྣམ་ཤེས་ཀྱི་ངོ་བོ་འོད་སྣང་ལྟར་འཕུར་འགྲོ། འགྲོ་ཁ། བདག་འདྲེ་སྲིན་དུ་སྐྱེས་པའི་ལོག་སྨོན་འདེབ། འདི་ནི་བཙན་དྲག་ལ་ངོ་སོ་བསྟོད་ཅིང༌། གཉོམ་ཆུང་གི་ཚེ་སྲོག་འཇོམས་པའི་གཏེ་དཔོན་ལ་བཏབ་པ་ལས། མཛེས་སྣང་གིས་གྲུབ་པའི་མི་སྡེའི་འཇིག་རྟེན་ནི་བདག་གི་ཁྱིམ་གཞིས་ཡིན།

  • ཁ་བ་ལྷབ་ལྷུབ་འབབ། རླུང་ནག་འཚུབ་འཁོར་རྒྱག དར་ལྕོག་དང་ལྡ་རྡི་འཐེན་པའི་བྲག་ཟོམ་ཞིག་ན། བདག་གིས་མི་ཤ་དང་མི་ཁྲག་གི་གསོལ་སྟོན་བཤམས་ཡོད། གལ་སྲིད་ཁྱེད་ཕེབས་འདོད་ན། སྨུག་སྤྲིན་གྱི་ཡོལ་ནག་གི་ཀློང་ནས་བདག་གིས་བསུ་བ་བྱ། གལ་སྲིད་ཁྱེད་ཀྱིས་ཟ་འདོད་ན་གློ་རྒྱུ་དང་ཀླད་ཞོ། རུས་རྐང་དང་ཚིལ་ཞགས་ཐོད་ཕོར་སྟོང་གི་ནང་དུ་བཤམས་ཡོད། འདི་ནི་ཁྱེད་ཀྱིས་གནམ་འོག་གི་ཟས་མཆོག་ཅིག་ཏུ་སྣང་བར་ཤོག

  • བདག་གིས་མི་སེམས་ཀྱི་འོད་སྣང་གསོད་བཞིན། རྣམ་ཤེས་ཀྱི་སྐྱེ་རྒྱུད་འཕོ། ད་དུང་མི་ཁྲག་དམར་འཛར་འཛར་གྱི་ཚེ་སྲོག་མིད་ཀྱིན། མུན་ནག་གི་ཀློང་ནས་དགའ་བདེའི་དགོད་སྒྲ་བསྒྲོག རྐང་གླིང་གི་འགྱུར་ཁུགས་ཁྲོད་ནས། གནམ་སའི་དཀྱིལ་འཁོར་བཀུག་ཕྱིར། གསོན་འདྲེ་ཁྲི་མ་འབུམ་ལ་འབོད་བརྡ་གཏོང་ཞིང་ཤི་འདྲེ་སྲིན་པོའི་དཔུང་ཚོགས་བསུ་མ་བྱ། འདི་ནི་སྲིད་པའི་ལྗོངས་ཀྱི་སྐོང་ཚོགས་ཨང་དང་པོ་སྟེ།  བདག་གིས་སྙན་ངག་གི་ཉམས་སྣང་སྒྲོགས་སྦྱང་བྱ་སའི་ཤེས་རབ་ཀྱི་གླིང་ཕྲན་ངོ་མ་ཡིན།
  • བདག་འདྲེ་སྲིན་ཡིན། བདག་ནམ་ཡང་འདྲེ་སྲིན་ཡིན། མི་བོ་ལྷ་མིང་ཅན་གྱི་ཚེ་སྲོག་འཇོམས་བཞིན། མི་སྡུག་པའི་ཁོར་ཡུག་ཅིག་ནས་ཁྱོད་ལ་ཀྭི་འབོད་བྱེད། གངས་གླིང་གི་རྣམ་ཤེས་འཆི་སའི་དུ་ཁྲོད་ནས་ཁྱོད་ཉིད་དགའ་བའི་ཁྲག་མཆོད་དངེ༌། ཁྱོད་ཉིད་སྤྲོ་བའི་རུས་རྐང་སྤུངས། འདི་ནི་ཤི་གསོན་མ་ངེས་པའི་སྤྱི་ཚོགས་ཤིག་གི་གཤན་མ་དང༌། གདོན་འདྲེ་ཡི་རྒྱལ་ཁམས་སྐྱོང་བའི་རྣམ་ཤེས་ཤིག་གླུ་མཆོད་ཡིན། གནས་ལུགས་མེད་པའི་གནམ་འོག་དང༌། ཁྲིམས་ལུགས་མེད་པའི་སྤྱི་ཚོགས་ནི་བདག་གི་རྒྱལ་ཁམས་ཡིན། འདྲེ་སྲིན་གྱིས་སྐོར་བྲོ་འཁྲབ་སའི་དུ་ཁྲོད་དེ་བདག་གི་ཁང་ཁྱིམ་ལགས།

  • ཁྱོད་ལ་ཐན་སྐད་སྒྲོག་མཁན་ནི་གནམ་རིམ་པ་དགུའི་སྟེང་ན་ཡོད། དེ་ནི་བྱ་ནག་འུག་པའི་འཁོར་ཚོགས་ཡིན་ཞིང་བདག་གི་ཕོ་ཉ་ཡིན། ཁྱོད་ལ་དམོད་བསྔགས་འདོན་མཁན་ནི་ས་ནག་རིམ་པ་དགུའི་འོག་ན་ཡོད། དེ་ནི་བྱི་བ་ནག་པོའི་འཁོར་ཚོགས་ཡིན་ཞིང་བདག་གི་བློན་ཚོགས་ཡིན། བྱ་ནག་འུག་པའི་ཐད་སྐད་དང་བྱི་པ་ནག་པོའི་ཁུན་སྒྲའི་བར་གསེང་ནས་ཁྱོད་ཀྱི་ཚེ་སྲོག་དྲངས་ཤིང་ཤིང༌། ཁྱོད་ཀྱི་བླ་ཟུངས་འཐེན་གྱིན། བདག་གིས་ཁྱོད་ཀྱི་རྣམ་ཤེས་གདོན་འདྲེན་འཇིག་རྟེན་ན་བསུ་བ་བྱ་ཆོག

  • བདག་གིས་མུན་ནག་དང་རྨི་ལམ་འཐབ་པའི་བར་གསེང་ནས། འདས་ཟིན་པའི་ཁྱོད་ཀྱི་ཨ་མའི་ངོ་གདོང་གཡར་ནས། འཆི་གཤེད་སྲིན་མོའི་ལག་པ་གཡུག་བཞིན། གཤེན་རྗེའི་ཧོམ་ཁུང་མེ་འབར་གྱི་ནང་དུ་ཁྱོད་ལ་ཉལ་ཆས་བཏང་ཡོད། འདི་ནི་བྱང་སེམས་མེད་པའི་བླ་མ་དང༌། མགོ་བོ་མེད་པའི་སློབ་མའི་དཔུང་ཚོགས་ཀྱིས་ཁྱོད་ལ་དགའ་སྟོན་བཤམས་པ་ལགས།

  • བདག་འདྲེ་སྲིན་དུ་གྱུར་ཡོད། བདག་ལ་ཚེ་སྲོག་གི་སྙིང་སྟོབས་ཡོད་པས། བདག་འདྲེ་སྲིན་གྱི་རྒྱལ་པོ་ཡིན། བདག་གིས་གདོན་འདྲེའི་རུ་དཔུང་བཤམས་ནས། གནོད་སྦྱིན་ལ་གནོད་ལན་དང༌། འདྲེ་སྲིན་ལ་འདྲེ་འཛིང་བྱ་ཆེད། བཙན་མ་མོ་དགུ་ཡི་གཤར་ལམ་གྱི་མདོ་དང༌།  བདུད་འཇིགས་ཆེན་བརྒྱད་ཀྱི་གྲོས་ར་ཡི་ནང་ན་དཔའ་རྩལ་འགྲན་བསྡུར་གྱི་ཚོགས་ཆེན་ཞིག་བསྡུས་ཡོད། ཚེས་སྲོག་གི་དམར་འཛིང་བཤམས་པའི་གསོལ་སྟོན་འདི། མདའ་མཚོན་གྱི་ཆར་རླུང་འཚུབ་པའི་གླིང་ཕྲན་འདི། མི་ཁྲག་དང་འདྲེ་ཁྲག་འདྲིས་པའི་མཚོ་ངོགས་འདི་ན། འདྲེ་སྲིན་ཁྲི་མ་འབུམ་གྱིས་ཧབ་སྒྲ་སྒྲོག་བཞིན། མི་སེམས་བྱེ་བ་འབུམ་གྱི་སྣང་བརྙན་འཚེར་བཞིན། བདག་གིས་གདོན་འདྲེའི་རྒྱལ་ཁམས་ཀྱི་སྙན་ངག་སྒྲོགས་སྦྱང་བྱ།

  • ཀྭ་ཡེ་ཀློག་པ་པོ་ལགས། ཁྱེད་ཀྱིས་གདོན་འདྲེའི་རྒྱལ་ཁམས་ཀྱི་སྙན་ངག་ལ་ཉན་འདོད་ན། ཁྱོད་ལ་ཚེ་སྲོག་གི་སྟོབས་ཤུགས་དགོས། ཁྱོད་ལ་རྣམ་ཤེས་ཀྱི་འོད་སྣང་དགོས། ཁྱོད་ལ་ཞེ་སྡང་གི་གསོན་ཤུགས་དགོས། ཁྱོད་ལ་ང་རྒྱལ་གྱི་སྙིང་སྟོབས་དགོས། ལོག་ལྟ་ཡི་འདུ་ཤེས་དགོས། ཁྱོད་ལ་མུན་ནག་གི་རྐང་ལམ་དགོས། ཆ་རྐྱེན་འདི་དག་ཁྱོད་ལ་མངའ་ན་འཇིགས་རུང་གི་དུ་ཁྲོད་ན་ཕེབས་དང༌། བདག་གིས་ཁྱོད་ཉིད་སྒུག་ནས་ཡོད།
  • ༢༠༡༠།༡༠།༥ ཉིན་ངྷ་ས་ནོར་གླིང་ནས།



Sunday, 3 July 2011

དྲན་ཚོར་གྱིས་དུད་པའི་སེམས་སྡོང༌།



དེ་རིང་དབེན་ལྗོངས་རི་བོའི་ཁོར་ཡུག་འདི་མཛེས་ལ།།
སློབ་རིགས་གཞོན་ནུ་རྩེ་བའི་དགའ་སྟོན་འདི་མཚར་ལ།།
ཟས་སྣ་སྡེར་ལ་བཤམས་པའི་རོ་བཅུད་ནི་ཞིམ་ཡང༌།།
ཞེ་འདང་ཕྱི་རུ་འཁྲི་སའི་ལྕུག་མ་འདི་སུ་ཞིག།

རྒྱ་མཚོ་སྔོན་མོའི་རླབས་ཀྱི་ཕྲེང་ཚོགས་འདི་མཛེས་ལ།།
གློག་གྲུ་མྱུར་མོ་བསྐྱོད་པའི་རྩེ་གར་འདི་མཚར་ལ།།
ཡངས་པའི་མཚོ་མོའི་ངོགས་ཀྱི་སྤྲོ་འཆམ་འདི་སྐྱིད་ཀྱང༌།།
བརྩེ་འདང་ཤུལ་ན་ལྷག་པའི་ཁོར་ཡུག་འདི་ཅི་ཞིག།

སྣ་ཚོགས་མེ་ཏོག་བསྐྲུན་པའི་སྐྱེད་ཚལ་འདི་མཛེས་ལ།།
འདབ་ཆགས་སྣ་ཚོགས་གསོས་པའི་སྐད་གསུང་འདི་སྙན་པ།།
མཛེས་སྡུག་ཕྱོགས་སུ་བཞེངས་པའི་དགའ་ཚལ་འདི་སྐྱིད་ཀྱང༌།།
མིག་གི་དགའ་སྟོན་འཕྲོག་པའི་ཞལ་རས་འདི་ཅི་ཞིག།

སྤྲིན་དཀར་འདབ་མའི་ཐོག་གི་བཞུད་ལམ་ནི་བདེ་ཀི།
མཁའ་གྲུ་དུང་གི་སྲས་མོའི་འཕུར་ཤུགས་འདི་མཚར་ལ།།
ས་གཞིའི་ཕུན་ཚོགས་མཐོང་བའི་ངོ་མཚར་ནི་ཆེ་རུང༌།།
གནམ་སའི་བར་ནས་ཤོར་བའི་སེམས་པ་འདི་ཅི་ཞིག།

རྡོ་ཤེལ་བརྩིག་པ་མཐོ་བའི་མཁར་རྫོང་ནི་བརྗིད་ལ།།
གློག་བཞུ་སྣ་ཚོགས་འཚེར་བའི་ལྡིང་ཁང་ནི་ལེགས་པ།།
སྤྲོ་སེམས་མདུན་ན་སྒྱུར་བའི་གོམ་སྟབས་རེ་སྤོས་ཀྱང༌།།
བརྩེ་བས་རྒྱབ་ནས་འཆིང་བའི་ཞགས་ཐག་འདི་ཅི་ཞིག།

༢༠༠༦ལོའི་དབྱར་ཁ་ཞིག་ལ།l

Saturday, 21 May 2011

འགྱོད་གདུང་གི་མིག་ཆུ།




བརྩེ་དྲན་བསྣོལ་མའི་ཡིད་ཀྱི་དྲ་བ་ན།།
སྐྱོ་གདུང་ཤུགས་ཀྱིས་བསུས་པའི་ཞང་བོ་ལགས།།
ཆུང་ནས་ས་མཐར་ཉུལ་བའི་ཚ་བུ་ངས།།
དྲིན་ལན་རྩྭ་རྩེ་ཙམ་ཡང་འཇལ་མ་ཐུབ།།

ད་དུང་མི་ཚེ་རིང་དུ་མཆིས་ལགས་བསམ།།
ལྷན་གཅིག་མཇལ་བའི་དུས་ཀྱང་ལོས་ཡོང་བསམ།།
ཕུགས་འདུན་སེམས་ལ་ཉར་ཚད་སྟོང་སོང་ཐལ།།
ཡུལ་མཐའི་གྲོང་གསེབ་འདི་ནས་ཁེར་ངུ་བྱེད།།

རྒན་པོའི་དཀའ་ངལ་གཞོན་ནུས་སེལ་ཚུལ་གྱི།།
ཡ་རབས་དམ་བའི་སྲོལ་ནས་ང་མཆིས་སོང༌།།
ཚ་བུ་སྐྱེས་ནས་སྐྱེས་གོ་མ་ཆོད་ཐལ།།
འཁོས་ཆུང་མི་ལུས་བླངས་པ་དོན་མེད་རེད།།

དེ་རིང་སྐྱོ་བས་མིག་ཆུ་གཏོར་རོགས་མེད།།
ཁོག་གི་སྡུག་སེམས་ཁ་ནས་བཤད་ས་མེད།།
སྡུག་དང་མཆི་མ་ལྐོག་ནས་ལྐོག་ཏུ་མུད།།
སྙིང་ཁུང་རུས་པའི་གཏིང་ནས་ཁྱོད་ཉིད་དྲན།།

འཁོར་བའི་སྡུག་བསྔལ་འབར་པའི་མེ་དཔུང་འདི།།
ཞི་བྱེད་ཤཀྱཱ་མུ་ནེའི་ཆོས་ཡིན་རུང༌།།
སྐྱོ་གདུང་ན་ཟུག་སེལ་བའི་བདུད་རྩི་ལ།།
དབུ་ཆང་མངར་མོའི་ཆབ་འདི་ང་ལ་རན།།
༢༠༠༦།༤།༡༥་གཉེན་ཆེན་ཐང་ལྷ་རུ་བཀོད་ཡོད།

Tuesday, 17 May 2011

གར་མའི་སྒེག་ཉམས་སུ་འཁྲིས་པའི་སེམས་པ།






་་་་་་་་་་་་་་་་་་་་་་་་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་མཁན་༼པེས་ཏེ་ཟུན་ངྷ༽་ལ་ཕུལ།
སྒེག་ལྡན་མ་་་་
འཛུམ་མདངས་ལས་ཤར་བའི་ཁྱོད་ཀྱི་ཉི་གཞོན། ཅི་འདྲའི་གཟི་མདངས་དང༌། ཅི་འདྲའི་དྲོད་རླབས་ཆེ། ཆབ་རོམ་གྱི་ངའང་སྐད་ཅིག་ཏུ། དྲངས་བསིལ་གྱི་ཆུ་མིག་ཏེ། དབྱར་གཞུང་གི་གཙང་བོརགྱུར།
སྒེག་ལྡན་མ་་་་་
ང་ཡང་ལྷག་རླུང་དང་འགྲོགས་ཏེ། ཁྱེད་ཀྱི་ལྕང་ལོའི་ཁམས་སུ་བབས། འཇམ་མཉེན་གྱི་རེགས་བྱས་གྲུབ་པའི་སྐྲ་ལོའི་ཉག་མ་རེ་ལ། དྲི་བསུང་གི་རྣམ་བ་རེ་རེ་འཐུལ་བས། བདེ་སྣང་གི་ལྕང་ལོའི་ཕ་མཐར་བརྒལ་བ་ནི་ཤིན་ཏུ་དཀའ།
སྒེག་ལྡན་མ་་་་་་་་་
ལྷིང་འཇགས་ཀྱི་སྤྲོ་སྣང་དབུས་སུ་ཁྱོད་ཉིད་བདེ་ཕྱིར། བདག་ཀྱང་ཆུ་ཐིགས་དང་ཟེགས་མའི་ངང༌། ཁྱེད་ཀྱི་དཔྲལ་བར་ནས་དལ་བུར་འབབ། ལང་ཚོ་ལས་འབུས་པའི་ཁྱོད་ཀྱི་ཞལ་རས་བདག་གིས་མཐོང༌། མཛེས་སྡུག་གི་གཡོ་རླབས་འགྲིམ་གྱིན། བདག་གིས་འཚོལ་བཞིན་པ་ནི་ཁྱེད་ཀྱི་མཆི་སྒྲོས་ལགས། འོ་ཞིག་གནོངས་དང༌། 
སྒེག་ལྡན་མ་་་་་་་་
བདག་ཁྱེད་ཀྱི་མགྲིན་པའི་ངོས་ནས་འགྲེད་ཀྱང་ཟེགས་པའི་ངང༌། མིག་ལམ་ལ་ཤིན་ཏུ་མཛེས་པ་དེ་ནི་བྲང་ངོས་ཀྱི་གངས་རི་ལགས། ཕྱེད་ཆ་མཐོང་བའི་ལང་ཚོའི་ལྷུན་བོའི་བར། བདག་ཅིས་ཀྱང་བཞུར་ན་འདོད། ཁྱོད་ཀྱིས་ནུ་ཤུབ་དམར་བོའི་འཆིང་ཐག་ཅུང་ཟད་ཀློད་རོགས་ཀྱིས།
ཟིན་ཚོར༢༠༠༦། ༣བལ་ཡུལ་གྱི་རྫོགས་ལྡན་ཇ་ཁང་ནས་བྲིས། འོད་སྤྱི་ཚོགས་དུས་དེབ་ཏུ་བཀོད།

Sunday, 15 May 2011

རྗེ་བཙུན་སྒྲོལ་མ།




རྗེ་བཙུན་སྒྲོལ་མ་་་་་་་་་
བདག་ཤ་རུས་ཀྱི་ཁོངས་གསེང་ནས་ཕྱི་རུ་ཐོན་དུས། དྭངས་གསལ་གྱི་བར་སྣང་འདི་ན། དག་གཙང་ཡང་གཙང་གི་ཤེལ་སྡེར་རེ་རེའི་ནང་དུ་བསིཁྱེད་ཀྱི་མཚན་སྔགས་ཀྱི་ཏཱམ་ཡིག་ལ་འཇུས་ཏེ།ལ་ཆུས་མེར་ཏེ། མེ་ཏོག་པདྨ་དང་གུར་གུམ། ཙཱམ་པ་ཀས་མཛེས་པར་བརྒྱན། སྒྲོན་མའི་འོད་སྣང་གིས་བཀབས་པའི་ངས་ཁྱེད་ལ་མཆོད་བཤམས་དང༌། གུས་ཕྱག་གི་ནང་དུ་བདེན་བའི་ཚེ་སྲོག་འདུས་ཡོད།
རྗེ་བཙུན་སྒྲོལ་མ་་་་་་་་་་་
ཁྱེད་ཀྱི་མཚན་སྔགས་ཀྱི་ཏཱམ་ཡིག་ལ་འཇུས་ཏེ། མུན་བ་བབས་པའི་རབ་རིབ་ཀྱི་ནག་ལྗོངས་སུ།  ངས་ཐེ་ཚོམ་གྱིས་སྤོ་པའི་གོམ་ཁ་རེ་རེ། ཁ་བ་ལྟར་མཛེས་པའི་ལམ་བུ་ཞིག་གི་ཆེད་དུ་བཞགས་ཡོད་ཀྱང༌། སུས་ཀྱང་བརྗོད་མི་ཤེས་པའི་ཚོར་འདུ་ཟབ་མོ་དེས་བདག་གི་མདུན་ཕྱོགས་ཀྱི་ལམ་བུ་བཅད་གཏུབ་བྱས།
རྗེ་བཙུན་སྒྲོལ་མ་་་་་་་་་་་་་་
དུང་ཚོར་གྱིས་མེར་བའི་སེམས་ཀོང་ཆུང་ཆུང་དེའི་ཁ་ན།  བརྩེ་འདང་གིས་བསྐྲུན་པའི་ཁྱེད་ཀྱི་འཛུམ་ཞལ་བབས་བྱུང༌།  ངའི་ཁྲག་རྩ་ཐམས་ཅད་འདུས་པའི་དཀྱིལ་འཁོར་དུ།  ཚེ་སྲོག་ལས་སྐྱེས་པའི་ལང་ཚོ་ཁྱད་འཕགས།  ཁྱེད་ཁོ་ནས་བསྩལ་བྱུང༌།
རྗེ་བཙུན་སྒྲོལ་མ་་་་་་་་་་་་་་་
ཕྱི་ནང་གསལ་བའི་ཤེལ་གྱི་ཁང་བཟང་ན།  གསེར་ནག་གིས་བཟོས་པའི་མཛུབ་དཀྲིས་ཟླུམ་པོ། པད་འདབ་བརློན་པས་བསྐྱོར་ཏེ། སེམས་གཞས་འཐེན་པའི་ཁུག་སྣེ་རེ་རེས།  ཁྱེད་ཁོ་ན་དགྱེས་པའི་མཆོད་པ་བཤམ་དུས། རྡུལ་རླངས་འཚུབ་པའི་སེམས་ཁུང་ན་ཞི་ཞིང་དྭངས་པའི་ནམ་མཁའ་རུ་གྱུར། གསེར་ནག་གི་འཛུབ་དཀྲུས་འདི་བདག་གི་ཚེ་སྲོག་ཡིན་ནམ།
རྗེ་བཙུན་སྒྲོལ་་་་་་་་་་་་་་
བླ་སྲོག་གི་རླབས་རིས་འཁྱིལ་ས་རུ། རྣམ་ཤེས་ཀྱི་སྐྱེ་བ་འཕོས་ཏེ། གསེར་སྨྱུག་གི་ཁོག་ཡངས་ན་ཚེ་སྲོག་ཆགས་པའི་གཏམ་རྒྱུད་བྱུང༌།  རྒྱུན་མི་ཆད་པའི་ཟུངས་ཁྲག་དམར་པོ། ངའི་སྐྱེ་བ་ནས་སྐྱེས་པའི་བར་དུ་འཇིགས་སྐྲག་མེད་པར་བཞུར་དགོས།
རྗེ་བཙུན་སྒྲོལ་མ་་་་་་་་་་
ཁ་སང་ངའི་སྙིང་ཁ་གྲི་ཡིས་གཤགས་ཉིན་མོ། ཁ་སང་ངའི་ལས་དབང་རླུང་གིས་ཁུར་ཉིན་མོ། དགྲ་གྲོགས་ཀྱི་དབྱེ་བ་ཤེས་པའི་ཚེ་སྲོག་དེ་ཉིད། ངའི་སྙིང་ཁུང་ན་ཁྱེད་ཁོ་ནས་བསྩལ་བྱུང་བས། སང་ཉིན་གྱི་མུན་པའང་ཁྱེད་ཀྱིས་འཛུམ་མདངས་ཀྱིས་གསལ་བར་ཤོག
  ༢༠༠༦། ༤། ༡༨།ཉིན་བལ་ཡུལ་ནས།

Wednesday, 11 May 2011

པོ་ཏཱ་ལ།



པོ་ཏཱ་ལ། ཁྱོད་ནི་་་་་ཞིང་ཁམས་ཤིག་གི་མིང་བྱང་ཁུར་ནས་མིག་འཁྲུལ་གྱི་རི་བོ་ཆུང་ཆུང་ཞིག་མ་ཡིན་ཏེ། བཙན་པོ་ཞིག་གིས་མངའ་ཐང་བསྐྱེད་པའི་རྟ་དམག་ཁྲི་སྐོར་གྱི་དཔའ་སྙིང་ལྷུན་ཆགས་ཡིན།
པོ་ཏཱ་ལ། ཁྱོད་ནི་་་་་་་་་གངས་སེང་དཀར་མོས་གཡུ་རལ་བསིགས་སའི་ཁ་བའི་གདན་ཁྲི་ཁོ་ན་མ་ཡིན་ཏེ།  ཕྱོགས་བཞིར་རིན་ཆེན་བརྩིགས་པའི་སྤྲེའུ་རྒོད་ཚང་གི་གན་མཛོད་འཛད་མེད་ཡིན།
པོ་ཏཱ་ལ། ཁྱོད་ནི་་་་་་་གསེར་འབྲུག་སེར་པོའི་སྙིང་ནོར་འཕྲོག་ནས་ཕྱོགས་ཀྱི་བུ་མོའི་བཙོན་ཁང་གཅིག་བུ་ཞིག་མ་ཡིན་ཏེ། རྒྱལ་ཕྲན་དུ་མའི་སྲས་མོ་རྩེ་སའི་ཤར་གླིང་བཙན་པོའི་ཕོ་བྲང་དམར་པོ་ཡིན།
པོ་ཏཱ་ལ། ཁྱོད་ནི་་་་་གཡུལ་འགྱེད་དམག་གིས་མཚོན་ཆ་བརྡར་སའི་འཕྲུལ་རྫོངས་ནག་པོའི་ལྟེ་བ་ཞིག་མ་ཡིན་ཏེ། ལྷོ་གླིང་མཚོ་མོའི་སེམས་འོད་འཁྱིལ་སའི་ཁ་བའི་ལྗོངས་ཀྱི་ཞིང་ས་དཀར་པོ་ཡིན།


                 

ཨེ་མ་་་་་་་་་་་་་་ཡུམ་བུ་བླ་མཁར།




ཁྱེད་ནི་་་་་་གདོད་མའི་ཁོར་ཡུག་གི་བསོད་ནམས་བཞུད་པའི་བོད་ཡུལ་གྱི་མི་རྒན་ཟུངས་ཟད་ཅིག་མ་ཡིན་ཏེ། གནའ་བོའི་སྤྱི་ཚོགས་སུ་འགྲེལ་བརྗོད་ཐུབ་པའི་དེང་གཞོན་གྱི་གསར་འགོད་པ་མཁས་ཆེན་ཞིག་ཡིན།  
    
ཁྱེད་ནི་་་་་་བསང་དུད་ཀྱི་རླངས་ཟས་ཟ་བའི་གཟུགས་མེད་འབྱུང་བོའི་ཕོ་བྲང་ཞིག་མ་ཡིན་ཏེ། ནོར་ལྷས་ཀྱི་ཧྲག་བར་ན་རྩེན་པའི་ལོ་རབས་བུ་མོ་སྙིང་ཐུབ་དགའ་ལོ་ཞིག་ཡིན།

ཁྱེད་ནི་་་་་་ཕག་རྒོད་སྟོང་གི་གཡུལ་ཁ་ཟློག་ཕྱིར་ཞིང་བར་གྱི་རྩྭ་གཟུགས་སྐྱ་བོ་ཞིག་མ་ཡིན་ཏེ།
ཡན་ལག་བཞི་ལྡན་གྱི་གཡུལ་ངོ་ཟློག་པའི་མི་ཡུལ་གྱི་རྗེ་བོ་གཟི་ལྡན་ཞིག་ཡིན།

ཁྱེད་ནི་་་་་་་མྱ་ངམ་ཐང་ན་འགྱིང་བའི་དབུལ་བོ་སྟོང་གི་མཆོད་མེ་ཁོ་ན་མ་ཡིན་ཏེ། ཤེས་རིག་གི་མེ་ཏོག་གསོ་བའི་སྤྲིན་སྟེང་གི་ལྷ་མོའི་འཛུམ་ཟེར་ཞིག་ཡིན།

ཁྱེད་ནི་་་་་་ཆེས་ཐོག་མའི་སྐྱེ་རྒྱུད་ཅིག་གི་ཨ་ཕྱི་རྒན་མོ་ཞིག་མ་ཡིན་ཏེ། ལོ་རྒྱུས་ཀྱི་དཀྱོགས་མཚམས་ནས་འཁྲུངས་པའི་རྩལ་དགུ་ཤེད་དུ་རྒྱས་པའི་ཕོ་གཞོན་རྒོད་པོ་ཞིག་ཡིན།

ཁྱེད་ནི་་་་་་་་ནས་མྱུག་གི་གཡེར་ལས་བགྱི་བའི་སོ་ནམ་བུ་མོའི་ཁྱོ་བོ་ཁོ་ན་མ་ཡིན་ཏེ། གཡང་དཀར་ལུག་གིས་འབའ་སྒྲས་བཏུམ་པའི་མ་ཁྱིམ་བུ་མོའི་དགའ་རོགས་ཤིག་ཀྱང་ཡིན།

ཁྱེད་ནི་་་་་་་ཕྱོགས་མེད་ཀྱི་རེ་བ་ཁུར་བའི་འཇིག་རྟེན་གྱི་མགོན་པོ་ཞིག་མ་ཡིན་ཏེ། སྐྱེ་རྒྱུད་གཅིག་གི་དུར་ས་བཟུང་བའི་མཐུ་ལྡན་གྱི་དགྲ་ལྷ་འཁོར་མང་ཞིག་ཡིན།

ཁྱེད་ནི་་་་་་་ལྷ་སྲིན་འཐབ་པའི་འདྲེས་མཚམས་ན་ལངས་པའི་དྲང་སྲོང་བླ་མའི་གདོང་རུས་སྐམ་པོ་ཞིག་མ་ཡིན་ཏེ། དུས་རབས་དུ་མའི་ཆགས་འཇིག་མཐོང་བའི་ལོ་རྒྱུས་ཀྱི གསང་ཉུལ་པ་ཞིག་ཡིན།

ཁྱེད་ནི་་་་་་་ཐམས་ཅད་ཀྱི་ཤུལ་ན་ལྷག་པའི་ནུས་མེད་ཀྱི་ཞ་བོ་ཀྱོག་ཀྱོག་ཅིག་མ་ཡིན་ཏེ། གཅོང་རོང་གི་ས་གཞི་བཏུལ་བའི་དམུ་རྒོད་ཁྱུ་གཅིག་གི་དཔལ་རྩལ་འགྲན་མེད་ཅིག་ཡིན།

ཁྱེད་ནི་་་་་་་ས་རྡོ་ལས་གྲུབ་པའི་གྱང་མཁར་རྙིང་བ་ཞིག་གི་བེམ་གཟུགས་མ་ཡིན་ཏེ། གཞི་རྩའི་བདེན་དཔང་སྲང་དུ་ཁུར་བའི་མི་རིགས་ཤིག་གི་ཁྲིམས་དཔོན་ཆེད་བསྐོས་ཤིག་ཡིན།

པིར་སྨྱུག་བུ་མོའི་བརྩེ་གླུ།



ཤིང་ལྗོན་བཟང་ལོ་མའི་མཛེས་སྡུག་ལ་རོལ་བའི།།
བྱ་ཁུ་ལོའི་གསུང་གི་འགྱུར་ཁུག་ལ་དྲངས་ནས།།
ཤ་རུས་རྒྱུད་གཅིག་པའི་སྤུན་ཟླ་ཡི་ཚོགས་ལ།།
སེམས་གཏིང་ན་ལྕི་བའི་སྐད་ཆ་ཞིག་ངས་བཤད།།

ཕྱི་དགྲ་བོས་ལྕགས་ཀྱིས་རྐང་ལག་ཀུན་བཅིངས་ཡོད།།
ནང་ལུགས་སྲོལ་ངན་པས་སེམས་ཁམས་ཀྱང་བཟུང་འདུག།
དགྲ་ཕྱི་ནང་གཉིས་ཀྱི་བཙན་དབང་གི་བར་ནས།།
བློ་རིག་པའི་སྟོབས་ཀྱིས་བདེན་བ་ཞིགའཚོལ་དགོས།།
སྤྲིན་དཀར་པོའི་སེམས་ཀྱི་འདབ་མ་ལ་རོལ་པའི།།
གསེར་འབྲུག་ཆུང་དགའ་བའི་མགྲིན་གླུ་ལ་དྲངས་ནས།།
སེམས་ཚོར་འགྱུ་འབྲི་བའི་སྙན་ངག་པའི་སྡེ་ལ།།
ཆར་བསིལ་མ་འབབ་འདྲའི་གསུང་གླེང་ཞིག་ངས་བཤད།།

སྔོན་བཙན་པོའི་ལོ་རྒྱུས་བར་སྣང་ནས་འཐོར་དུས།།
གངས་དཀར་པོའི་འཇིག་རྟེན་མི་ཁྲག་གིས་བསྣུབས་སོང༌།།
བློ་རིག་པའི་རལ་གྲི་རྣོ་བོ་རེ་ཡོད་ན།།
རང་མེས་པོའི་ཁྱིམ་གཞིས་དགྲ་དཔུང་ནས་ལེན་ཆོག།
གངས་ལྷུན་པོའི་དཔལ་གྱི་མྱུ་གུ་ལ་རོལ་བའི།།
སེང་དཀར་མོའི་མགྲིན་པའི་ངར་གླུ་ལ་དྲངས་ཏེ།།
དེང་གཞོན་ནུའི་སེམས་ཀྱི་ལྷ་མོ་ཡི་མདུན་ན།།
གཏམ་མེ་ཏོག་འཛུམ་པའི་ཆུན་པོ་ཞིག་ངས་འབུལ།།

ལམ་ལུགས་སྲོལ་ནག་པོའི་ར་བ་ན་རྩེན་པའི།།
བློ་ཤེས་རྫུན་སྨྲ་བའི་ཀླད་ལྗང་གི་སྡེ་ལ།།
ལག་སྨྱུ་གུ་བཟུང་ནས་གཡུལ་ངོ་ལ་ཞུགས་དང༌།།
བློ་རིག་པའི་སྒོ་མོ་གནམ་ས་ལྟར་ཕྱེ་ཡོང༌།།
དུས་དབྱར་ཟླ་དང་པོའི་མཛེས་སྡུག་ལ་རོལ་བའི།།
བྱ་འཇོལ་མོའི་སྙིང་གི་གསང་གླུ་ལ་དྲངས་ཏེ།།
ལོ་ན་ཚོད་སྨིན་པའི་བྱིས་པ་ཡི་ཚོགས་སུ།།
ཟས་འོ་ཆུ་ལྟ་བུའི་སྐད་ཆ་ཞིག་ངས་བཤད།།

རྟ་ནོར་ལུག་འཚོ་བའི་སྤང་ལྗོངས་དེ་བཞགས་ནས།།
མཁར་གྲུ་བཞི་བརྩིགས་པའི་སློབ་གྲྭ་རུ་ཆས་ཏེ།།
སྐད་ཡི་གེ་འབྲི་སའི་ཤོག་སྨྱུག་རེ་བཟུང་ན།།
རང་མེས་པོའི་རྒྱལ་ཁབ་རིག་པ་ཡིས་བསྐྲུན་ཡོང༌།།
དགུང་ནམ་མཁའི་འཕུར་ལམ་རིང་མོ་དེ་འཛིན་པའི།།
བྱ་ཁྲུང་ཁྲུང་དཀར་མོའི་སྐྱོ་གླུ་ལ་དྲངས་ནས།།
བོད་གཞིས་བྱེས་གཉིས་ཀྱི་བདེ་སྡུག་གི་འཕྲིན་བ།།
ས་མི་མཇེད་ཞིང་གི་ཁྱོན་ཡངས་ན་ངས་འབྲི།།

Monday, 9 May 2011

ཨ་ཡིག་དཀར་པོའི་སྐྱེ་མཆེད།


                
བྱིས་དུས།
དྭངས་གཙང་གི་སེམས་པ།
ལོ་ཟླའི་བཞུར་རྒྱུན་དང་འདྲེས་ཏེ།
ནོར་ནག་གི་ལྷས་བར་ནས་གསལ་གསལ་དུ་བཞད།
གསལ་གསལ་དུ་འཚེར་བའི་བློ་རིག
ཉི་གཞོན་ཀྱི་འོད་འཛུམ་གྱིས་བསྐྱེད་དེ།
བདེ་སྣང་གི་ཀློང་ན་མུམ་བའི་རྣམ་ཤེས།
ཁ་བའི་མེ་ཏོག་དཀར་པོས་མདུན་བསུ་བྱས།
གཞོན་དུས།
དབྱར་འགོ་མའི་ཁུ་བྱུག
རི་ལུང་གི་བུ་མོ་དང་འགྲོགས་ཏེ།
ཞོགས་ཉི་དམར་པོའི་དབྱངས་རྟ་ལྷང་ལྷང་དུ་གྱེར།
ལྷང་ལྷང་དུ་གྱེར་བའི་མགྲིན་པ།
དབྱངས་གསལ་སོ་བཞིའི་རྩེ་འཇོ་ལ་དུང་ཞིང༌།
རིག་རྩལ་གྱི་ཀློང་ནས་དར་བའི་རྣམ་ཤེས།
མེས་པོའི་བསམ་གཞིགས་དཀར་པོས་མདུན་བསུ་བྱས།
དར་མ།
མཁའ་ལམ་དུ་བསྐྱོད་པའི་ཁྲུང་ཁྲུང་ཁྱུ་གཅིག
ནམ་ཟླའི་དྲོ་གྲང་དང་བསྟུན་ནས།
གཤོག་འགྱུར་གྱི་ཟློས་གར་ལྷབ་ལྷུབ་ཏུ་བསྒྱུར།
ལྷབ་ལྷུབ་ཏུ་བསྒྱུར་བའི་གཤོག་རྩལ།
ཡངས་པའི་ནམ་མཁའ་ནས་རྩེ་འགྲན་ལ་ཆས་ཤིང༌།
ཆགས་སྡང་གི་ཀློང་ནས་སྐྱེས་པའི་རྣམ་ཤེས།
བཙན་པོའི་དཔའ་སྐད་སྟོང་གིས་སྐྱེལ་འདྲེན་བྱས།
རྒན་པོ།
 ལྗང་མདོགས་ཀྱི་གསོན་ཉམས་ཟད་བའི་སྟོན་དུས།
གྲང་རླུང་གི་གཡོ་འགུལ་དང་བསྟུན་ཏེ།
མཐོ་སྒང་གི་གངས་ཆབ་ལྷུང་ལྷུང་དུ་འབབ།
ལྷུང་ལྷུང་དུ་འབབ་པའི་སེམས་གཞས།
ཕ་གཞིས་གཙང་མའི་ལོ་རྒྱུས་ལས་མཆོང་སྟེ།
བདེ་རྫུན་གྱི་ཀློང་ན་རྒྱས་པའི་རྣམ་ཤེས།
བཙན་པོའི་གཞུང་ལུགས་འབུམ་གྱིས་སྐྱེལ་མ་མཛད།
འཆི་བ།
རབ་རིབ་གྱི་དབྱིངས་སུ་བཞུགས་པའི་གངས་རི།
གོ་ལའི་འཁོར་བསྐྱོད་དང་བསྟུན་ཏེ།
དྲང་བདེན་གྱིས་བསྐྲུན་པའི་རྡོ་རིང༌།
སེང་འབྲུག་གི་དབྱེ་མཚམས་ན་བརྗིད་བརྗིད་དུ་བཞེངས།
བརྗིད་བརྗིད་དུ་འགྱིང་བའི་བློ་སྟོབས་ཀྱི་ལྷུན་པོ།
འཇིགས་སྐྲག་གི་ཀློང་ནས་རྒྱལ་སྟེ།
རེ་བ་ཁྲི་ཕྲག་ཁུར་བའི་རྣམ་ཤེས།
གངས་རིའི་དར་ཆ་བསྐྱོད་པའི་བར་སྣང་ནས་ཆས་འགྲོ།
༢༠༠༥།་༥།༧བལ་ཡུལ་ནས།


Saturday, 7 May 2011

དྲན་འཆར་གསོན་པོ།




བསྟན་འཛིན་དཔལ་འཛོམས་དང་ཁ་གྱེས་རྗེས།

རྒྱ་ལྕང་ལོ་མའི་ནགས་མ་མཛེས་པར་འཁྲིགས།།
ཁུ་བྱུག་སྔོན་མོས་གྲེ་འགྱུར་ལྷོད་ཀྱིས་འཐེན།།
བསིལ་འཇམ་རླུང་བུའི་རེག་བྱ་མྱོང་བའི་དུས།།
སེམས་ཀྱི་གཏིང་ནས་ཁྱོད་ཀྱི་ཞལ་རས་འཛུམ།།

དཀར་གསལ་ཟླ་བ་ཤར་རིའི་རྩེ་ནས་བྱོན།།
ཁྱོད་ཀྱི་བཞིན་རས་སེམས་ཀྱི་ངོགས་ན་ཤར།།
ཟུངས་ཁྲག་དྲོན་མོ་སྨྱུ་གུའི་ཁ་ནས་བབས།།
སེམས་ཀྱི་མེ་ཏོག་གོས་ཆེན་ཁུག་ན་བཞད།།
    
ཁྱོད་སེམས་གཙང་མ་འཇམ་པོའི་ངག་ལས་བསྟན།།
གླན་པ་ཁོ་བོའི་ཚིག་ངན་མཚོན་ཆས་བསད།།
གཏན་དུ་གྱེས་པའི་ལམ་བུ་འདི་ལྟར་འཐེན།།
སྐྱིད་སྣང་དཀར་པོའི་ཉི་ཟེར་འདི་ལྟར་ཡལ།།

ཟླ་འོད་འོག་ནས་ཁྱོད་ཉིད་ནམ་ཡང་དྲན།།
མེ་ཏོག་ཐང་ནས་ཁྱོད་ཉིད་ལྷག་པར་དྲན།།
བལ་བོའི་ལྗོངས་ཀྱི་མཛའ་འདྲིས་གསུང་གླེང་དག།
ངྷ་སའི་བྲག་སྐྱ་ཇི་བཞིན་དུ་སེམས་ན་ལྕི།།

དྲན་གདུང་ལྕི་མོས་ཉིན་མཚན་ཡུག་གཅིག་བཟུང༌།།
བཟི་ཆང་བཙན་པོས་སེམས་ཀྱི་དཀྱིལ་འཁོར་བསྒྱུར།།
རེ་སྒུག་ལོ་ཟླ་བཞུད་པའི་མི་ཚེ་འདི།།
མྱུར་དུ་རྫོགས་པར་དཀའ་བའི་སུན་སྣང་སྐྱེས།།

ལག་འཛིན་གློག་ཀླད་རིགས་ལམ་སྟོང་གིས་གྲུབ།།
མྱུར་འཕྲིན་ཡི་གེ་སྐད་ཅིག་ཉིད་དུ་བསླེབས།།
དགའ་སྣང་འོད་ཀྱིས་སེམས་ཀྱི་མུན་པ་སངས།།
གློག་འཕྲུལ་སྙིང་པོར་འོ་ཞིག་བྱ་ན་འདོད།།

གཡུ་འབྲུག་སྔོན་མོ་སླར་ཡང་མཚོ་ནས་བཞེངས།།
སེམས་ཀྱི་ལྗོངས་ན་བདུད་རྩིའི་སྦྲང་ཆར་བབས།།
མི་ཡུལ་ཁམས་འདི་ལྷ་ཡི་ཞིང་ལ་འཁྲུལ།།
ཤོག་དཀར་ཐང་གི་མཛེས་མ་ཆགས་པས་མྱོས།།
              ༢༠༠༧།༧།༡༧ཉིན་རྡ་ས་ནས།

Friday, 29 April 2011

སོ་སྐྱེས་སྙན་ངག




གཡུ་ཡི་ལང་ཚོའི་མཛེས་པ་ཀུན་འཕྲོག་གི་ལྷ་མོ།།
ཟག་མེད་བདེ་བའི་དཔལ་སྟེར་རྗེ་བཙུན་གྱི་སྒྲོལ་མ།།
འཇིགས་པ་བརྒྱད་ལས་སྐྱོབ་པའི་བརྩེ་ཆེན་གྱི་ཨ་མ།།
གསོན་སྙིང་མེ་ལ་བསྲེག་པའི་བུ་ང་ལ་གཟིགས་དང༌།།

སྙིང་རླུང་ཁོང་ནས་འཁྲུགས་པའི་རྒྱ་སྟག་གི་ང་རོ།།
ཤུགས་ཆེན་མགྲིན་ནས་བསྐྱེད་པས་ཁ་ཤ་རང་འདར་གྱིན།།
སེམས་ཀྱི་ཚང་ལ་གནས་པའི་རབ་དཀར་གྱི་ཕུག་རོན།།
དམར་པོ་ཁྲག་གིས་སྦགས་པའི་སྣང་བ་འདི་མི་སྐྱིད།།

འདོད་སྲེད་རླབས་ཀྱིས་ཕྱུག་པའི་རྦབ་ཆུ་ཡི་འགྲོས་གར།།
གྱེན་དུ་བཟློག་པ་མེད་ལ་ཞེན་ཡུལ་གྱི་ལང་ཚོ།།
ཧུབ་ཀྱིས་འཐུང་བར་རྒྱུགས་པའི་དྲན་ཤེས་ཀྱི་བུ་ཆུང༌།།
གཟར་བོའི་གཡེང་ལ་ཁུར་བའི་འཚོ་བ་འདི་མི་སྐྱིད།།

སྡང་བའི་གློག་ཞགས་མཆེད་པའི་སྤྲིན་ཕུང་གི་གསེབ་ལས།།
ཕྲག་དོག་དུག་གིས་གཟིར་བའི་གཡུ་འབྲུག་གི་ཁ་ནས།།
ངོ་མཚར་ཡུལ་ལས་འགོངས་པའི་མཛེས་སྡུག་གི་སྐྱེད་ཚལ།།
གནམ་ལྕགས་ཐོག་གིས་གཞོམ་པའི་ཁོར་ཡུག་འདི་མི་སྐྱིད།།

མུན་པའི་ཁ་དོག་བརྩེགས་པའི་སྨག་རིམ་གྱི་ཀློང་ནས།།
སྣང་བའི་མེ་ལྕེ་གསོད་པའི་གཟུགས་མེད་ཀྱི་འབྱུང་པོས།།
རྨོངས་པའི་ཞགས་རིང་བཏབ་པས་སེམས་ཉིད་ཀྱི་ལྷ་མོ།།
འགུལ་མེད་དམ་དུ་བཅིངས་པའི་བཙོན་ཁང་འདི་མི་སྐྱིད།།

སེམས་པ་གཟེངས་ཀྱི་གཡུ་རལ་ཨ་སྔོན་དུ་གསིག་པའི།།
ཕྱོགས་ཀྱི་མགོན་ལ་སྙེམས་པའི་ང་རྒྱལ་གྱི་སེང་གེས།།
ཞི་དུལ་སྙིང་གི་དྭངས་མ་སྐྱེས་མཆོག་གི་གཞོན་ནུ།།
དྲེགས་པའི་སྡེར་ལ་ཚུད་པའི་གོམས་གཤིས་འདི་མི་སྐྱིད།།

ཡོད་ཡོད་མཛེས་པར་བསྒྱུར་པའི་རྣམ་གཡེང་གི་སྲིན་མོ།།
མཐོང་ལམ་འགོག་པ་མེད་པར་ངོ་མཚར་གྱི་སྒྱུ་མས།།
ཡིད་ཀྱི་བརྟན་པར་གནས་པའི་རྣམ་དཔྱོད་ཀྱི་བུ་ལ།།
བླ་སྲོག་སྙིང་ནས་འཁྱེར་བའི་སྤྲང་འཁྱམས་འདི་མི་སྐྱིད།།

སྙོམས་ལས་གཉིད་ཀྱི་བདེ་བ་ཨ་འཇམ་གྱི་ཚ་རུ།།
རྒྱུན་དུ་གོས་སུ་གྱོན་པའི་ལེ་ལོ་ཡི་བདག་པོས།།
ཤེས་བྱའི་ལོངས་སྤྱོད་འཐུང་བའི་རྣམ་རིག་གི་བུ་ལ།།
བརྩོན་པའི་སྤོབས་པ་འཕྲོག་པའི་སེམས་པ་འདི་མི་སྐྱིད།།

དགེ་བའི་རོ་བཅུད་སྣུམ་པོའི་འཚོ་བ་དེ་བསམ་ནས།།
ཞི་བྲལ་ཉོན་མོངས་མཐུག་པའི་སྒོ་གླེགས་ཀྱི་དངོས་སུ།།
དཀའ་དང་གདུང་བ་དྲག་པོས་ཡང་ཡང་དུ་འཐབ་ན།།
སེམས་ཀྱི་ཤེལ་གོང་ཆག་པའི་ཟུག་རྔུ་འདི་མི་སྐྱིད།།

འབྱུང་བཞིའི་ཁམས་སུ་འདྲེས་པའི་ལུས་ཕུང་གི་འདུ་བ།།
མི་སྙོམས་ཀུན་ནས་དཀྲུག་པའི་ན་ཡིག་གི་འོག་ཏུ།།
རྣག་དང་ཁྲག་གི་འཚོ་བའི་གདུང་བ་རང་སྤྱོད་པས།།
རྩེ་དགོད་སྣང་བ་མེད་པའི་མི་ཚེ་འདི་མི་སྐྱིད།།

ལུས་ཀྱི་ལང་ཚོ་མུན་པའི་ཁུང་གསེང་དུ་ཡིབ་དུས།།
ཚེས་ཆེན་འཛུམ་པའི་བཅུད་ཀྱི་སྐྲ་ལོ་རུ་བཞད་དེ།།

དབང་ལྔའི་ཕུན་ཚོགས་བཅོམ་པའི་དགྲ་བོ་ཡི་སྔོན་དུ།།
ཤ་རུས་འཁྲི་ཤིང་རྒས་པའི་ལུས་རྟེན་འདི་མི་སྐྱིད།།

འཆི་བདག་ཆུ་སྲིན་ཁྲོས་པའི་འཇིགས་རུང་གི་ཁ་ནས།།
ཨུ་ཧུའི་མགྲིན་མཚོ་འཕྱུར་བའི་ཉམ་ཐག་གི་བུ་ལ།།
ཡིད་འཕྲོག་འཕགས་མའི་ཐུགས་ཀྱི་རྩེ་དགའ་རང་བརྐྱང་སྟེ།།
ཤར་ཕྱོགས་གཡུ་ལོ་བཀོད་པའི་ཞིང་ཁམས་སུ་དྲོངས་ཤིག །
་་་་་་་་་་་་་་་་་་་་་་་་་་་་་་་་ཤཱཀྱའི་འོད་སྣང་དུས་དེབ་ཏུ་བཀོད་ཡོད།

Saturday, 23 April 2011

ན་ཡིག་འོག་གི་ཚེ་སྲོག་དང་་་་་་ལས་དབང་གཉོམ་པོའི་གླུ་དབྱངས།




༼བདེ་ལེགས་སྨན་ཁང་ནང་གི་ཟིན་ཐོ༽བལ་ཡུལ་ནས་བསྐྱར་བྲིས་བྱས་ཏེ་ངྷ་སའི་སློབ་གྲོགས་རྣམས་སུ་ཕུལ།           
ཤ་དང་ཁྲག་གི་སྲོག་རྟེན་སྙི་མོ་ཟུག་རྔུ་དཔོན་པོས་བཙན་གྱིས་བཟུང༌།།
ཚ་གྲང་གཉིས་ཀྱི་མནར་གཅོད་འོག་ནས་མལ་ཁྲིའི་རྐང་ཡང་འདར་སིག་སིག།
བཏུང་བའི་ཟས་ཀྱང་མགྲིན་ནས་སྐྱུགས་དུས་སྲོག་གི་དབང་པོ་དྲངས་ལ་ཁད།།
ཤར་ནུབ་གླིང་གི་སྨན་པའི་ཚོགས་ནི་བདག་གི་མཐའ་རུ་བསྐོར་ནས་བྱུང༌།།

འདྲི་གཅོད་མང་བའི་དབྱིན་བོད་སྐད་ཀྱིས་རྣ་བའི་འདབ་མ་གཤགས་ནས་ཐལ།།
མདོགས་སྣ་མང་བའི་སྨན་གོར་དག་ནི་མགྲིན་པའི་ལམ་ལ་འཛུལ་བར་དཀའ།།
ཟས་བཅུད་དྲོན་པོའི་ཁ་རླངས་ནང་དུ་ཡིད་སེམས་མུག་བའི་དྲི་ཞིག་བྲོ།།
སྐུ་རླུང་ཆེ་བའི་ནད་གཡོག་མ་དེའི་ཁ་ལག་གཉིས་ཀ་ཇེ་རྩུབ་རེད།།

ན་སྡུག་མ་ཐེག་རྒན་པོ་ཞིག་གིས་ཉིན་མཚན་ཀུན་ལ་ཨག་ལྷང་ལྷང༌།།
བྱིས་ཆུང་གཞོན་ནུས་གཟེར་འགོ་མ་ནོན་བར་མཚམས་མེད་པར་ངུ་ལྷང་ལྷང༌།།
ནད་རིགས་མི་གཅིག་ནད་པའི་ཚོགས་ནི་མཐོང་བའི་མོད་ལ་སྐྱོ་ལྷང་ལྷང༌།།
སྣང་ཚུལ་དྲག་པོའི་རྦ་རླབས་འདི་ཡིས་བདག་གི་བསམ་བློ་སྟེང་འོག་བརྗེས།།

གྲོགས་དང་གྲོགས་ཀྱི་མཛའ་བརྩེའི་བར་ནས་ཕ་དང་མ་ཡི་སེམས་ཤིག་རྙེད།།
མི་དང་མི་ཡི་འདུན་པའི་མེ་ཏོག་འོད་ཀྱིས་ཕྱུག་པ་ད་གཟོད་མཐོང༌།།
སུ་དང་གང་གི་མིག་ཟུང་བར་ནས་གསོན་ལ་རེ་བའི་སེམས་ཞིག་མཐོང༌།།
ཐམས་ཅད་མཐོང་བའི་ལྟད་མོའི་རྗེས་ནས་རང་གི་མི་ཚེར་འདང་ཞིག་རྒྱབ།།

གནམ་ཁབ་བུ་གའི་ཆུ་ཐིགས་རེ་ལ་ལྟ་བཞིན་ལྟ་བཞིན་འདི་ལྟར་བསམ།།
དར་གཞོན་ལུས་ཀྱི་བདེ་བ་ཡོད་ཚད་ན་དང་ཚ་བའི་ཀློང་དུ་འཐིབས།།
བློ་དང་རིག་པའི་ནུས་པ་ཡོད་ཚད་ཟུག་རྔུ་དཔོན་པོས་བཙན་གྱིས་འཕྲོག།
མི་ལ་ཡོད་ཚད་ནད་ལ་དབང་བསཧནཧཡིག་འདི་ཡང་འཆར་སྒོར་སླེབ།།

ལག་རྩ་འཁྲུགས་པའི་འཕར་ལྡིང་བར་ནས་ན་ཁྱོད་ཀྱི་གོམ་སྒྲར་ཉན།།
ཆུ་རྟགས་ཆུ་ཡི་བརླན་གཤེར་ཁམས་ནས་ན་ཡིག་ཁྱོད་ཀྱི་ཁ་དྲི་འཚོལ།།
རོ་འཛིན་ལྕེ་ཡི་ཁ་མདངས་ངོས་ནས་ན་ཡིག་ཁྱོད་ཀྱི་བྱད་གཟུགས་བཙལ།།
བདེ་སྡུག་འཁོར་ལོ་བསྐོར་བའི་ཐོབ་ཐང་ན་ཡིག་ཁྱོད་ལ་གནམ་ནས་བསྩལ།།

སྐྱེ་འཆི་བར་མའི་དུས་སྐབས་རེ་ལ་ན་ཡིག་ཁྱོད་ལ་གསོལ་བསྟོན་མང༌།།
འབྱུང་བཞི་འཁྲུགས་པའི་ཁྲག་རྩའི་སྤུབས་སུ་ན་ཡིག་ཁྱོད་ཀྱི་རྒྱུ་ལམ་དར།།
ཤ་ཁྲག་རུས་ལས་སྐྱེས་ཚད་ཐམས་ཅད་ན་ཡིག་ཁྱོད་ཀྱི་རྩེ་རྭ་ཡིན།།
རྒན་གཞོན་དར་མའི་ལུས་ཁམས་རེ་རེ་ན་ཡིག་ཁྱོད་ཀྱི་ཁྲབ་སྟེགས་ཡིན།།

རྣག་དང་ཁྲག་གི་མཚོ་མོའི་འཇིངས་ནས་ཁྱོད་ཀྱི་ལོ་རྒྱུས་རླབས་ཀྱིས་སྒྲོགས།།
རྨ་དང་འབུ་ཡི་ཚང་སྒོ་ཀུན་ཏུ་ཁྱོད་ཀྱི་བཀའ་ཁྲིམས་མེ་ལས་མཆེད།།
སྐྲས་འབུར་ཤ་ཡི་གུར་ཆུང་ནང་དུ་ཁྱོད་ཀྱི་རང་བཞིན་གཟེར་ལས་འབར།།
སྦྲིད་ཅིང་ཟུག་རྔུའི་ཚོར་ཤུགས་ཀློང་ནས་ཁྱོད་ཀྱི་ཁ་རླངས་དུག་ལས་གསལ།།

སྐྱེས་ཆེན་བླ་མར་རྟོགས་པ་མཐོ་རུང་ཤ་ཚུགས་སྐུ་ལུས་ཁྱོད་ལ་དབང༌།།
ས་སྐྱོང་རྒྱལ་པོའི་བཀའ་ཁྲིམས་བཙན་ཡང་ཁྲག་རྩའི་འདུ་འགོ་ཁྱོད་ཀྱི་ལག།
འབྱོར་ལྡན་ཕྱུག་པོས་རྒྱུ་ནོར་སྤུངས་ཀྱང་ཁྱོད་ཉིད་དགའ་སའི་དངོས་པོ་མེད།།
རྒྱུ་མེད་སྤྲང་པོ་ཁ་ཟས་མེད་ཀྱང་ཁྱོད་ལ་སྙིང་རྗེའི་བལྟ་ཕྱོགས་མེད།།

མོ་ལུང་རྩིས་པས་འོལ་ཚོད་བྱས་ན་ཁྱོད་ནི་ལྷ་ཀླུ་བཙན་ལས་རྙེད།།
ལྷ་བ་པྲ་བའི་མེ་ལོང་ནང་དུ་ཁྱོད་ནི་འདྲེ་གཤེད་གདོན་ལས་རྙེད།།
ཚད་རིག་མཁས་པའི་ཕྲ་མཐོང་ཤེལ་དུ་ཁྱོད་ནི་འབུ་སྲིན་གཟུགས་ལས་རྙེད།།
ཐབས་ཤེས་བཀྲ་བའི་མི་ཡི་ལྗོངས་སུ་ཁྱོད་ཀྱིས་སྤྲུལ་གཞི་སྣ་ཚོགས་འགྲེམ།།


སྨན་གྱི་ཐོག་མ་ཆུ་རྒྱུན་ཚ་པོས་ཁྱོད་ཀྱི་ངན་ལག་དང་པོར་བཅོམས།།
གསོ་དཔྱད་མཁན་པོས་རྩ་ལམ་བརྒྱུད་ནས་ཁྱོད་ཀྱི་གསང་བར་ལྐོག་ཉན་བྱས།།
མེ་དང་གཏར་ཁའི་ཡོ་བྱད་བཟུང་ནས་ཁྱོད་ལ་འཐབ་འཛིང་དུ་མ་བྱས།།
སྔགས་འཆང་བླ་མས་ཕུར་རྩེ་རྣོ་པོས་ཁྱོད་ཀྱི་བླ་སྲོག་བཀུག་མ་ཐུབ།།
      
གློག་དང་འཕྲུལ་གྱི་དུས་རབས་འདི་ནས་ཚན་རྩལ་རིག་པའི་སྡེ་ཞིག་གིས།།
འོད་དང་འོད་ཀྱི་རྡུལ་ཚོགས་བསྒྲིགས་ནས་ཁྱོད་ཀྱི་བླ་གཟུགས་ཨེ་མཐོང་བལྟས།།
སྨན་དང་རྫས་ཀྱི་ནུས་པ་བསྡེབས་ནས་ཁྱོད་ཀྱི་ཚེ་སྲོག་ཨེ་ཆོད་བལྟས།།
ཇི་ལྟར་མི་ལ་ཡོ་བྱད་འཛོམས་ན་ཁྱོད་ལ་དེ་ལྟར་སྒྱུ་འཕྲུལ་མང༌།།

མི་རོས་ཁེངས་པའི་དུར་ཁྲོད་ནང་ནས་ན་ཡིག་ཁྱོད་ཀྱི་བསམ་དོན་གྲུབ།།
ནད་དང་གདུང་བའི་ཚེར་ཤིང་ངོས་ནས་ན་ཡིག་ཁྱོད་ཀྱི་རེག་བྱ་རྙེད།།
ན་ཡིག་ཁྱོད་ཀྱི་རྟོགས་པ་བརྗོད་ན་མི་ཚེ་ཞིག་གི་གླེང་སྒྲུང་རེད།།
སྡུག་དང་མཆི་མའི་ཟིན་ཐོའི་སྙིང་བོ་ན་ཡིག་ནག་པོའི་གཏམ་རྒྱུད་ཡིན།།

འདི་ལྟར་བསམ་གཞིགས་རླབས་གཉེར་ཁྲོད་ནས་རང་གི་བདེ་སྡུག་སྲང་ལ་བཀྱགས།།
ན་ཟུག་ལྕི་མོའི་བཙན་ཤེད་འོག་ནས་མི་ཚེ་ཧྲིལ་བོར་སྡོམ་ཞིག་རྒྱབ།།
གླེང་རིན་མེད་པའི་ལོ་ཟླ་དུ་མ་མཚན་ཐུན་ཞིག་གི་རྨི་ལམ་འདྲ།།
ཟུག་རྔུ་འབར་བའི་འདས་པའི་འཚོ་རིམ་མི་ཚེའི་ནང་གི་རྣག་གོང་རེད།།

འདས་པའི་ལོ་རྒྱུས་སྐྱུར་མོའི་ཁ་ན་ནད་རླངས་འཐིབས་པའི་ཟིན་ཐོ་གཡེངས།།
སྣུམ་ཐིགས་བྲལ་བའི་འཚོ་ཟས་སྐྱ་བོས་ཟུངས་ཟད་ལུས་ཁམས་གསོ་མ་ཐུབ།།
གསོན་ཤུགས་ཞན་པའི་བློ་རིག་གཉོམ་པོས་ཤེས་བྱའི་སྙིང་ནོར་ལེན་མ་ཐུབ།།
ཁ་དུག་ཚ་བའི་འཚོ་བ་འདི་ནས་ཉམ་ཐག་བདག་ལ་ཡིད་ཆད་བྱུང༌།།
      
འབེན་ལ་བཞག་པའི་ཚེ་སྲོག་དྲོན་མོས་འཇིག་རྟེན་འདི་ནས་ཅི་ཞིག་ཉོ།།
གྲང་ངར་ཆེ་བའི་རི་སྒང་འདི་ནས་བླ་སྲོག་རླུང་གིས་ཁུར་གྲབས་བྱེད།།
ན་ཡིག་ནད་ཀྱི་རླངས་སྤྲིན་འཐུབས་པས་མཁའ་དབུགས་འདི་ཡང་ཇེ་རྩོག་རེད།། 
གཟུགས་རིས་མེད་བའི་མི་བོ་ཞིག་གི་སྒྱུ་མའི་ངོ་གདོང་ཇེ་མཐོང་རེད།།

ལས་འཕྲོ་ཟད་པའི་རླུང་འཚུབ་ནང་དུ་རེ་བའི་མཆོད་མེ་ད་མི་སྒྲོན།།
སྣ་ཚོགས་ནད་ཀྱི་ཤེལ་ཆག་ལམ་ལ་གཅེར་བུའི་ལུས་སུ་ད་མི་འགྲོ།།
འཁུན་སྒྲས་ཁེངས་པའི་ཁང་ཆུང་འདི་ནས་བཟོད་སྒོམ་སྣང་བ་ད་ནས་གྲོལ།།
གདུང་རྒྱུད་རུས་པ་གསེར་ལས་མིན་རུང་བྱམས་ལྡན་མ་ཡི་གཅེས་ཕྲུག་ཡིན།།

ཟུག་རྔུས་བཅོམ་པའི་ལུས་རྟེན་ལྷག་མ་སྐམ་ཞིང་རུལ་ནས་ཆག་ལ་ཁད།།
ལོ་མང་གཙེས་པའི་སེམས་ཀྱི་རྨ་ལ་རྣག་དང་ཁྲག་ཤ་འཕྱིང་ནས་འདུག།
ལང་ཚོ་ཡལ་བའི་རུས་ཀོང་སྐམ་རུང་སྐྱེས་བ་འདི་ལ་ལུས་རྟེན་འཁོ།།
ངོ་མཚར་ཆེ་བའི་སྐྱེས་སྤྲུལ་མིན་ཀྱང་རང་སྲོག་རང་ལ་རིན་ཐང་ཆེ།།
     
ན་ཡིག་གཏུམ་པོ་ཁྲོས་ཐེངས་ཤིག་གིས་ཚེས་སྲོག་དུ་མའི་རིན་ཐང་བཅོམས།།    
གནམ་འོག་ནད་ཀྱི་འཕར་རྩ་འདི་ནས་གྲགས་འགུལ་མེད་པའི་ལྗོངས་ཤིག་མཁོ།།
སློབ་གླིང་པདྨའི་སྐྱེད་ཚལ་འདི་ནས་སེམས་ཀྱི་ལྷ་མོ་ཕྱི་རུ་བླངས།།
ལྷིང་འཇགས་སེམས་ཀྱི་ཁོར་ཡུག་ཅིག་ནས་མྱ་ངན་སྨུག་བ་སངས་ན་འདོད།།
      
རེ་བའི་འདུན་པ་འཇའ་ཡི་གུར་ཁང་སྐད་ཅིག་ཉིད་དུ་བསྡུ་དགོས་བྱུང༌།།
བརྩེ་སེམས་འོད་ཀྱི་རྩིབས་སྟོང་འཁོར་ལོ་ཡུལ་ལྗོངས་གཞན་དུ་བསྒྱུར་དགོས་བྱུང༌།།
བསླབས་གསུམ་ཚུལ་ཁྲིམས་པད་མའི་སྡོང་བོ་མེ་རླུང་ཁ་ལ་བསྐུར་དགོས་བྱུང༌།།
ཧ་ཅང་སྐྱོ་བའི་ལས་དབང་འདི་ནི་ན་ཡིག་ནག་པོས་བཀའ་ཆད་ཡིན།།

སྤྱི་ལོ་༢༠༠༢། ཟླ་༥། ཚེས༡༡ །ཉིན།
བདེ་ལེགས་སྨན་ཁང་གི་ཟིན་བྲིས་བལ་ཡུལ་ནས་བསྐྱར་བཅོས་བྱས།
ཚིག་བཅད་འདི་རང་ཉིད་ཀྱི་མྱོང་ཚོར་ཕབ་འབྲི་ཁོ་ན་ཡིན།

Monday, 18 April 2011

བར་དོའི་ཁམས་སུ་སྤྲིངས་པ།


 
དགེ་འདུན་ཆོས་འཕེལ།
       རྡོག་སྒྲ་མེད་པའི་གོམ་ཁ་ཡང་མོས་སྐུ་དཔོན་ཚོའི་སྒོ་ཁྱིམ་ཡང་ཡང་བརྡུངས་ཀྱང༌། སུ་ལ་གོ་ཐོས་མེད་པ་ནི་ཁྱོད་ཀྱི་འཇིག་རྟེན་གསར་བ་ཞིག་རེད། ཧོབ་ཆས་ཁེངས་པའི་ཐོག་ཁང་གི་གསང་བ་དེ་ནས།ཁྱེད་ཀྱི་བརྩམས་ཆོས་ཀྱི་གྲངས་ཀ་ལ་སྐུ་དཔོན་ཚོས་ཐོབ་རྩོད་བྱེད་དུས་ཁྱོད་ཀྱིས་ངུ་འབོད་དང༌། ལག་འཛིང་ཇི་ལྟར་བྱས་ཀྱང་ཁྱེད་ནི་ཐོགས་རེག་བྲལ་བའི་རྣམ་ཤེས་འཁྱམས་པོ་ཞིག་རེད། སྐུ་དཔོན་ཚོའི་བར་ན་འཐབ་རྩོད་ཀྱི་འཁོན་ཞེན་ཆེ་ཡང༌། ཡིད་དུ་འོང་བའི་རྩོམ་བྱང་གི་གྲངས་ཀ་རེ་རེས། གསེར་ཞལ་ལ་འཛུམ་མདངས་ཤིག་ཤིག སྤྲོ་སེམས་ཀྱི་སྣང་བ་ཨ་རག་གི་བཟི་ཁས་བཏེགས། འདྲེན་བྱེད་ཀྱི་དབང་པོ་ཤོ་རྩེ་ཡིས་བསླུ་བྲིད་ལ་འཁོར་དྲགས་པས། ཁོང་ཚོས་གློ་བུར་དུ་མཐོང་བ་ནི་ཁྲག་དར་ཡིན་ལ། ཁོང་ཚོ་གློ་བུར་དུ་སྔངས་དགོས་པ་ནི་འཕྲུལ་མཚོན་ཡིན། སྐུ་དཔོན་ཚོའི་མཐེ་བོང་དགྲ་དམག་གི་སྔོན་ནས་སྒྲེང་དུས། ཁྱོད་ཀྱིས་ཁོང་དགོད་ཅིག་བྱས་ཡོད་དམ། ཡང་མི་ཁྲག་གི་མཚོ་མོ་ནོར་གླིང་གི་སྒོ་ནས་སྐྱོམ་དུས། ཁྱོད་ཀྱིས་ངུ་ཤུམ་རྒྱག་བཞིན། ངུ་མ་དགོད་ཀྱིས་མི་རིགས་དིའི་ཆེད་དུ་ལོ་རྒྱུས་སུ་གཏན་ཚིགས་དྲངས་ནས་འཇིག་རྟེན་གྱི་ཁྱོན་ལ་རྩོད་གླེང་ཇི་ལྟར་བྱས་ཀྱང༌། ཁྱེད་ནི་བར་དོའི་ཁམས་ཀྱི་ཁྲིམས་རྩོད་པ་ཞིག་ལས།
                                   དོན་གྲུབ་རྒྱལ།  
      ཤོར་ཟིན་པའི་མི་རིགས་ཀྱི་ངོ་བོ་དེ། ཁྱོད་ཀྱི་སྙན་ངག་གསར་བའི་བླ་སྲོག་ཏུ་བཀུག་སྟེ་དར་གཞོན་བོད་མིའི་སེམས་ཁམས་སུ་བཏབ། སླར་ཡང་མི་འཆོར་བའི་ཕྱིར་དུ་དྲོད་རླབས་འཕྱུར་བའི་ཚེ་སྲོག་དཔང་པོར་ཕུལ་ནས། ཁྱོད་ཉིད་མི་ཡུལ་ནས་ཆས་ཤིང་མི་ཡུལ་ལ་འཁོར། དམའ་འབྲིང་མཐོ་གསུམ་གྱི་སློབ་ཁང་ན་ཁྱོད་ཉིད་འཁོར། རྩོད་གླེང་འཕྱོ་བའི་རྩྭ་ཐང་གི་གྲུ་ཁ་ན་ཁྱོད་ཉིད་འཁོར། ནོར་ལུག་གི་འབའ་སྒྲས་ཁེངས་པའི་ལྷས་བར་ན་ཁྱོད་ཉིད་འཁོར། འཁོར་ཞིང་འཁོར་བཞིན་ཁྱོད་ཀྱིས་སློབ་ཕྲུག་ཚོའི་རྣ་ལྟག་ནས་ཤེས་རིག་གསུང་གླེང་ཇི་ལྟར་མཐོ་ཡང༌། ཕུ་ནུ་དམེ་ཁྲག་གི་བར་ནས་སྨྲེང་གླུ་ཇི་ལྟར་གྱེར་ཀྱང༌། རྫི་གཞོན་ཕོ་མོ་ཚོའི་རྣ་ཀོང་ན་མི་རིགས་ཀྱི་སྙིང་ནད་ཇི་ལྟར་བསྐུལ་ཀྱང༌། ཁྱོད་ཀྱིས་ཤི་གསོན་མ་ངེས་པའི་མི་རིགས་ཀྱི་སྡུག་བསྔལ་དེ། ཕོ་བྲང་པོ་ཏཱ་ལའི་རྩིག་ངོས་སུ་བྲིས། བྲིས་པའི་སྙན་ངག་ཡུམ་བུ་བླ་མཁར་གྱི་རྩེ་ནས་གྱེར་ཀྱང༌། ཁྱེད་ནི་མི་ཡུལ་ནས་འདས་པའི་མི་བོ་ཞིག་སྟེ། བར་དོའི་ཁམས་ཀྱི་སྙན་ངག་པ་ཞིག་ལས།
                          ཐུབ་བསྟན་དངོས་གྲུབ།
      ཤར་ནུབ་མི་རིགས་ཀུན་གྱི་རྡོག་བར་ཟགས་པའི་ང་ཚོའི་བདེན་བ་དེ།ཁྱེད་ཀྱིས་ཤ་ཚུགས་ཀྱི་སྒྲོན་མེ་སྤར་ནས་འཇིག་རྟེན་ལ་ར་སྤྲོད་བྱས་ཀྱང༌། མཐོང་ཐོས་དང་གདེང་འཇོག་མི་བྱེད་པའི་མི་ཚོགས་ཀྱི་་་་་་སེམས་ཁམས་ནི་ཇི་འདྲའི་སྲ་ལ། ཇི་འདྲའི་མཁྲེགས། ད་དུང་མི་ངོམ་པའི་ཞིང་ཁམས་དེ་ནས་བྱེས་བོད་ཀྱི་ནད་ཡམས་ལ་རྒོལ་ཕྱིར་རང་ལུས་མེ་རུ་སྒྲོན། ཁྱོད་ཀྱིས་སྒྲོན་ལ་ཆོལ་གསུམ་གྱི་རྙོག་འཛིང་བར་ན་ཁྱོད་ཀྱིས་སྒྲོན། ལྷ་འདྲེ་སྲུང་རྩོད་ཀྱི་བར་ན་ཁྱོད་ཀྱིས་སྒྲོན། གཞོན་སྐྱེས་དང་ཨ་སྒོར་བར་ན་ཁྱོད་ཀྱིས་སྒྲོན། ཁྱོད་ཀྱིས་སྒྲོན་མེ་ཀློང་དུ་འདྲེས་པའི་ཚེ་སྲོག་གིས་བྱེས་བོད་ཀྱི་འགལ་ཟླ་ལ་ངོ་རྒོལ་ཇི་ལྟར་བྱས་ཀྱང༌། ད་ལྟ་ཁྱེད་ཉིད་མཐོང་སྐབས་མེད་ལ། འཛིན་རེག་ཀྱང་མེད། གལ་སྲིད་མཐོང་ན་ཁྱེད་ལ་་་་་སྡུག་གྱོང་་་་་ཞེས་པའི་དམོད་ཚིག་འབྱུང་སྲིད། ངེས་པར་འབྱུང་སྲིད། དཔའ་པོ་ལགས་་་་་་ངས་སྐད་ཆ་གཞན་དུ་བསྒྱུར་ནས་བཤད་ན། མི་ཡུལ་གྱི་གངས་རི་འཁྱགས་པོ་དེ་མེ་ཀློང་དཀྱིལ་གྱི་ཚེ་སྲོག་གིས་ཇི་ལྟར་བསྲོས་ཀྱང༌། ཁྱེད་ནི་བར་དོའི་ཁམས་ཀྱི་མེ་ལྕེ་ཞིག་ལས། 
                                   མཐའ་བསྡོམས།
    རི་ལུང་ཐམས་ཅད་དར་ལྕོག་གིས་བཀང༌། ཡིག་དྲུག་གི་དབྱངས་རྟས་བར་སྣང་གི་དཀྱིལ་འཁོར་བཟུངས་ཀྱང༌། ད་དུང་ཁྱེད་ཅག་བར་དོ་ནས་སྒུག་དགོས་པ་དེ། མེས་པོ་ཁྲོས་པའི་བཀའ་ཆད་ཡིན་ནམ། ཡང་ན། སེང་དར་ལ་ཆགས་པའི་བརྩེ་ཞེན་ཡིན། རེད་་་་་ཉི་མའི་འོད་སྟོང་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་འཕྲོ་དུས། འཛུམ་མདངས་རྒྱས་པའི་མི་ཚོགས་ཀྱི་འཚངས་ཀ་ཤིག་ཤིག གྲལ་བསྒྲགས་པའི་རུ་དཔུང་དག་གི་གོམ་པའི་འདེགས་འཇོག་མཉམ་ཞིང་མཛེས་ལ། སྙན་ཞིང་འཇེབས་པའི་གླུ་དང་རོལ་མོའི་འགྱུར་ཁུག་རེ་རེས། སེང་དར་གྲུ་བཞི་མ་ནམ་མཁའ་ལ་སྒྲེང་བའི་འཐེན་བསྐྱོད་རེ་རེ་བཞིན། ང་ཚོའི་རྒྱལ་ཁ་སྤྲིན་དཀར་དང་ནམ་མཁའི་ཁོང་གསེང་ནས་འཛུམ་དུས། ཁྱེད་ཅག་གིས་བར་དོའི་ཁམས་ནས་སླར་ཡང་ལམ་ཁ་གསར་བ་ཞིག་འཚོ་དགོས་པའི་ཅོང་བརྡ་ཁྲོལ་ངེས་་་་་་ 
སྔོན་མའི་སྙན་རྩོམ་ཞིག་འདིར་བཞགས་ཡོད།

༄༅།། མཐོ་སྒང་གི་ལྷ་སྲས་་་་་་་་་་་་་་་་་་་་མི་ཡུལ་གྱི་འཁྱམས་པོ་མིན།


 ྋགོང་ས་མཆོག་གི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པར་མཇལ་རྗེས།
བསིལ་སྣང་དྲི་བཞོན་ལག་པ་འཇམ་པོ་ཡིས།།
ཁ་བའི་མེ་ཏོག་གཏོར་བའི་གླིང་ཞིག་ན།།
རྗེས་ཆགས་ཐུགས་ཀྱི་ཞགས་པ་དཀར་པོ་ཡིས།།
ཉམ་ཐག་འགྲོ་ལ་བཅིང་པའི་ལྷ་སྲས་ཤིག།

སྔོ་ལྗང་འཛིན་མའི་སྤུ་ལ་འཐོར་རླུང་གིས།།
རླབས་ཀྱི་ཕྲེང་བ་འབྲི་བའི་ལྗོངས་ཤིག་ན།།
བརྩེ་ཆེན་འོ་མའི་ཆུ་གཏེར་མངར་མོ་ཡིས།།
ལྷ་མིའི་རི་གྲོང་སྐྱོང་བའི་ལྷ་སྲས་ཤིག །

མཐོ་བརྗིད་ཕོ་བྲང་དཀར་པོའི་ཟིལ་ཤུགས་ཀྱིས།།
ཆུ་འཛིན་ས་ལ་བཏིངས་པའི་ཡང་ཐོག་ན།།
མངའ་འབངས་གསེར་གྱི་འཁོར་ལོའི་མཛེས་སྡུག་དེ།།
འཇམ་མཉེན་ཕྱག་གིས་འཆང་བའི་ལྷ་སྲས་ཤིག །

མི་འཇིགས་སེང་གེའི་སྤར་ཁྱིམ་ཡངས་པོ་ཡིས།།
པདྨའི་ཁྲི་འཕང་བཏེགས་པའི་གདན་སྟེང་ན།།
སྣང་སྲིད་གནས་ལུགས་རྟོགས་པའི་མཁྱེན་དཔྱོད་ལས།།
འོད་ཀྱི་ཟེགས་མ་འགྱེད་པའི་ལྷ་སྲས་ཤིག །

མདོ་སྔགས་ཆོས་ཚུལ་སྒྲོག་པའི་དབྱངས་སྙན་གྱིས།།
དད་གསུམ་སྙེ་མ་གཡོ་བའི་ལྡིང་ཁང་ན།།
ཕྱི་ནང་དབྱིན་བོད་ཤེས་བྱའི་ཉིང་བཅུད་ལས།།
རིག་པའི་ཟླ་བ་རྒྱས་པའི་ལྷ་སྲས་ཤིག །

མི་བསྲུན་འབྱུང་པོས་ཆོ་འཕྲུལ་སྣ་ཚོགས་ཀྱིས།། 
ཡོད་ཡོད་མཛེས་པར་སྤྲུལ་པའི་སྐྱེད་ཚལ་ན།།
རང་སྣང་རིག་པའི་རྐང་ལམ་འོད་ཆེན་དེ།།
འཁྲུལ་མེད་དམ་དུ་བཟུང་བའི་ལྷ་སྲས་ཤིག །

གཟི་འབར་ཉི་མའི་འཛུམ་གྱིས་མ་ཞུ་བའི།།
གནའ་བོའི་གོམས་གཤིས་འཁྱགས་པོའི་ཀློང་ཡངས་ན།།
རིག་པའི་འོད་ཁྱིམ་སེར་པོའི་དྲོད་རླབས་ཀྱིས།།
དཔྱིད་ཀྱི་དཔལ་མོ་བསུ་བའི་ལྷ་སྲས་ཤིག །

རྙིང་ཞེན་མུན་ནག་ཁྲོས་པའི་འཇིགས་རུང་ལ།།
གསར་བྱུང་རིག་པ་བྲོས་པའི་རྫོང་ཞིག་ན།།
ཐབས་དང་ཤེས་རབ་བསྣོལ་མའི་རླབས་ཤུགས་ཀྱིས།།
འཇའ་ཚོན་གུར་དུ་ཕུབ་པའི་ལྷ་སྲས་ཤིག །

མཁྲེགས་འཛིན་གོར་མ་བརྩེགས་པའི་ལྗིད་ཤུགས་ཀྱིས།།
ཆོས་སྲིད་ཀ་བ་ཆག་པའི་མཁར་ཤུལ་ན།།
ཤེལ་གྱི་ལང་ཚོ་སྨིན་པའི་སེམས་ཤུགས་ཀྱིས།།
སྲིད་ཞིའི་ཕོ་བྲང་བཞེངས་པའི་ལྷ་སྲས་ཤིག །

རྨོངས་པས་རྨོངས་པར་བརྡར་བས་ངལ་བ་ཡིས།།
སྐུ་དཔོན་བློ་སྣ་ཟད་པའི་གྲལ་གཅིག་ན།།
ལུས་མེད་སྲིན་པོའི་ཚོགས་ཀྱི་གཡུལ་ངོ་ལ།།
གཅིག་པུས་འཇིག་པ་འགོག་པའི་ལྷ་སྲས་ཤིག །

སྙིང་གི་དུག་རི་འབར་བའི་ཁ་རླངས་ཀྱིས།།
གནམ་སའི་ཐུ་བ་བསྣོལ་བའི་ཤར་མཐའ་ན།།
གངས་རིའི་མངའ་ཐང་སྐྱོང་བའི་ལས་འགན་གྱི།།
ཕ་བོང་ཕྲག་ན་ཁུར་བའི་ལྷ་སྲས་ཤིག།

མུ་འབྲེལ་དམག་གི་རྦ་རླབས་འཕྱོ་བའི་དཔྱིད།།
སྡིག་པའི་མེ་སྟག་འཕྱུར་བའི་པེ་ཅིང་ན།།
ཤ་ཚའི་སེམས་གཏམ་ལྟ་བུའི་སྙན་འཇེབས་ཀྱི།།
སྒྱུ་མའི་རྒྱ་ལས་ཤོར་བའི་ལྷ་སྲས་ཤིག།

ཀླ་ཀློའི་དཔུང་ཚོགས་བསླེབས་པའི་འུར་ཟིང་གིས།།
བདེ་སྐྱིད་སྣང་བ་དཀྲོག་པའི་བོད་ཡུལ་དུ།།
བློ་སྤོབས་ཁེངས་པ་མིན་པའི་བཀའ་ལུང་གིས།།
འཇིག་རྟེན་བསྒྱུར་བར་འདོད་པའི་ལྷ་སྲས་ཤིག།

ཕྱི་དང་ནང་གི་དགྲ་དཔུང་འབྲེལ་གཅིག་གི།
རྩོད་རྙོག་རྦ་རླབས་འཐབ་པའི་ལས་ཁུངས་ན།།
རང་ཕྱོགས་བརྟན་པོར་འཛིན་པའི་མི་རྒན་ལས།།
རྒྱབ་དཔུང་རྡང་ཐག་ཆད་པའི་ལྷ་སྲས་ཤིག།

དུས་མཐའི་སྲི་ངན་ལངས་པའི་གཟེར་ཤུགས་ཀྱིས།།
གོ་ལས་ངུ་སྐད་ཤོར་བའི་བར་སྣང་ན།།
ཕྱག་དབང་འོད་ཀྱིས་མནན་པའི་ཤཱཀྱ་ཡི།།
བཀའ་ལུང་ཁུར་དུ་བཞེས་པའི་ལྷ་སྲས་ཤིག།

རྣོ་ངར་མཆེ་བ་བགྲད་པའི་གཅན་གཟན་ལ།།
རྒོལ་བའི་ལག་རྡུམ་གླེན་པའི་མུ་ཁྱུད་ན།།
ཟིམ་ཟིམ་སྙིམ་པ་སྦྱོར་བའི་བདེ་གཤེགས་ལ།།
རེ་བའི་སྨོན་འདུན་བཅོལ་བའི་ལྷ་སྲས་ཤིག།

མེ་སྒྱོགས་རྡང་ལ་བསྟར་བའི་ཁ་སྒོ་རུ།།
འདབ་བརྒྱའི་མགོ་ལྕོག་ལྡེམ་པའི་སྐྱེད་ཚལ་ན།།
ཤཱཀྱའི་ན་བཟའ་ཕུད་ལ་སྐྱོ་སྣང་གིས།།
ཡིད་ཀྱི་མཚོ་མོ་སྐྱོམ་པའི་ལྷ་སྲས་ཤིག།

མཚན་མོའི་མུན་པ་སྲིད་ལ་འབབ་ཐེངས་ཀྱིས།།
ཟླ་བའི་འོད་སྣང་ཞན་པའི་གནམ་འོག་ན།།
གོམ་ཁའི་རྡོག་སྒྲ་གཅིག་པོས་ཁོར་ཡུག་གི།
ལྷིང་འཇགས་དཀྲོག་ལ་དོགས་པའི་ལྷ་སྲས་ཤིག།

ཡུལ་གྱི་རྒྱལ་ཁམས་འགྲིམས་པའི་ལམ་སྣེ་རུ།།
གོམ་པ་དང་པོ་སྤོ་བའི་སྒོ་ཐེམ་དུ།།
དམག་གི་གོ་ཆ་གྱོན་པས་གསང་བ་དང༌།།
གྱེས་གདུང་ཐུགས་ན་ལྕི་བའི་ལྷ་སྲས་ཤིག།

མེ་མདའི་སོ་མིག་སྟོང་གིས་མ་ཟིན་པར།།
གཙང་པོས་སྐྱེལ་མ་མཛད་པའི་ཕ་རོལ་ན།།
དགྲ་དཔུང་གར་ཡོད་མ་ངེས་བཞུད་ལམ་དུ།།
སྐྱོ་འཇིགས་སྣང་བ་འཚེར་བའི་ལྷ་སྲས་ཤིག།

རི་ལུང་གསང་ལམ་ཉུལ་བའི་དཀའ་གདུང་གི།
ལོ་ཟླའི་ཕྲེང་ཐག་རྒྱུས་པའི་ཁུག་པ་ན།།
ནོར་གླིང་ཁྲག་གིས་སྐྱོམ་པར་མཁྱེན་རྟོགས་ཀྱིས།།
སྤྱན་ཆབ་རྡུལ་དང་འདྲེས་པའི་ལྷ་སྲས་ཤིག།

རང་བྱུང་མཛེས་སྡུག་ས་གཞིའི་ཁོངས་ཡིབ་ཅིང༌།།
དྲག་རླུང་འཚུབ་མ་འཁོར་བའི་ནམ་ཟླའི་འོག།
ཁྲུང་ཁྲུང་ལྷོ་ལ་འཕུར་བའི་ཡུལ་ཕྱོགས་སུ།།
རེ་བའི་སེམས་པ་འཁོར་བའི་ལྷ་སྲས་ཤིག།

ནུབ་ཁའི་ཉི་མ་དམར་པོའི་མཚོན་མདངས་ཀྱིས།།
འཇིག་རྟེན་ཡོངས་སུ་བསྒྲིབས་པའི་ལ་ཁ་ནས།།
བསིལ་ལྡན་ལྷ་ཡི་གྲོང་ཁྱེར་དཀར་པོ་རུ།།
ཡང་ཡང་ཕྱི་མིག་བལྟ་པའི་ལྷ་སྲས་ཤིག།

གངས་རིའི་མུ་ཁྱུད་བརྒལ་པའི་ཕར་ཕྱོགས་ན།།
རྒྱུས་མེད་མི་ཡུལ་འགྲིམ་པའི་ལྷ་སྲས་ཤིག།
གངས་སེང་དཀར་མོའི་གསོན་སྙིང་དྲོན་པོ་དེ།།
འཇིག་རྟེན་རྒྱལ་ཁམས་བསྐོར་པའི་ལྷ་སྲས་ཡིན།།

Saturday, 16 April 2011

ཀྱཻ་༸གོང་ས་མཆོག




ཀྱཻ་༸གོང་ས་མཆོག
་་་་་་་་་་སྙན་ངག་གི་མཆོད་བརྗོད།་་་་་་་་་
ཀྱེ་ྋགོང་ས་མཆོག  སྙན་ངག་ནི་མི་སེམས་རློན་པའི་ལེགས་སྐྱེས་ངོ་མ་ཞིག་སྟེ། དེ་ནི་མི་ཚེའི་ལོ་རྒྱུས་དང་འདྲེས་པའི་ཚེ་སྲོག་གི་བཞུར་རྒྱུན་ཞིག་དང༌། རྣམ་ཤེས་ཀྱི་འདབ་མ་འབུམ་ཕྲག་རྒྱས་པའི་མཆོད་སྤྲིན་དྭངས་མ་ཞིག་་་་་་་་ཁྱེད་ལ་ཕུལ་བ་ལགས།
ཀྱེ་ྋགོང་ས་མཆོག ལས་རླུང་གིས་ཁུར་ཡོང་བའི་བདག་གི་མི་ཚེ་འདི་ཁྱེད་ཀྱི་ཞིང་ས་རུ་བསླེབས། དུས་དེ་ནས། བདག་གི་སེམས་རྒྱུད་ན་ལང་ཚོའི་གོང་བུ་ཞིག་འཚེར་བ་སྟེ། ཁྱེད་སྐུའི་འོད་མདངས་ལགས།  འོན་ཀྱང་ཕྱོགས་རླུང་ཇི་ལྟར་ལྡང་བ་བཞིན། བདག་གི་འདུ་ཤེས་ཀྱི་སྙེ་མ་གཡོ་གར་འཕྱོ་བཞིན་བྱིས་དུས་ཀྱི་སྐྱེས་འཚར་འདི་ལྟར་བྱུང༌། 
ཀྱེ་ྋགོང་ས་མཆོག བག་མེད་ཀྱི་འཚོ་སྟངས་ལ་སྐྱུག་མེར་ལོག་པ་ནས།  བདག་གི་ལྷན་སྐྱེས་ཀྱི་སེམས་གཤིས་སུ་ཤེས་རབ་ཀྱིས་དབྱེ་ཞིབ་ཐུབ་བྱུང༌། མི་ཚེའི་ཁུག་སྣེ་འདི་ནས་བདག་ལ་མཁོ་བ་ནི་ལམ་ཁ་དང༌། བདག་ལ་མཁོ་བ་ནི་རིག་པ། བདག་ལ་མཁོ་བ་ནི་ཤེས་རབ་ཀྱི་སྙིང་ཁམས་ཡིན་པར་ཤེས། འདི་ནི་གཞོན་ནུའི་ལང་ཚོ་དང་འགྲོགས་པའི་འཇིག་རྟེན་རབ་རིབ་ཅིག་སྟེ། ཉི་མའི་འཛུམ་མདངས་ལ་ཕྱོགས་པའི་རྣམ་ཤེས་ཤིག་གི་རེ་སྨོན་ལགས།  
ཀྱེ་ྋགོང་ས་མཆོག  མཛེས་སྡུག་གི་ཕ་ས་མིག་འོད་ནས་ཤོར་བཞིན། བརྩེ་འདང་གྱི་སེམས་པ་བཞུད་ལམ་ནས་བཞུད་ལམ་དུ་འཐེན་བཞིན། རི་བོ་ཧི་མ་ལ་ཡའི་ཕར་ངོགས་ན་བདག་འདི་ལྟར་ཆས།  དཀར་གསལ་ཟླ་བའི་འཛུམ་ངོགས་ནས་ཁྱེད་ཀྱིས་བདག་ལ་མགོན་སྐྱབས་མཛད་ཕྱིར། བདག་གིས་ལམ་སྣེ་རྡོག་པས་འབོར་མ་མྱོང༌།
ཀྱཻ་ྋགོང་ས་མཆོག ཁྱེད་ཀྱི་འཛུམ་ཞལ་ལ་མཇལ་བའི་ཐོག་མ་དེར། བདག་གི་ཤེས་རབ་ཀྱི་གོམ་བགྲོད་ལ་བགེགས་མེད་དང༌། བདག་གི་རེ་འདུན་གྱི་མེ་ཏོག་སྔར་ལས་མཛེས་པར་ཤོག  འདི་ནི་བདག་གི་སེམས་གཏིང་ནས་བཞད་པའི་གསོལ་འདེབས་ཀྱི་མེ་ཏོག་རྐང་གཅིག་ཡིན། 
ཀྱཻ་ྋགོང་ས་མཆོག མི་སེམས་ཀྱི་འདུན་པ་གཅོད་པའི་གནོད་སྦྱིན་དང༌། རྣམ་ཤེས་སྐྱེས་བརྒྱུན་ཟ་བའི་སྲིན་པོ་ལ་མཐུ་རྩལ་རྒོད་ཕྱིར།  བདག་གིས་ཤེས་རབ་ཀྱི་སྒོ་མོ་ཧུར་བརྩོན་གྱིས་ཕྱེ་ག་ལ་ཐུབ། ཕ་མའི་ཁྱིམ་གཞིས་སྣུམ་པོ། མི་ཡུལ་གྱི་བྲག་སྐྱ་ལ་བརྗེས་པ་ནས་བཟུང༌། བདག་ལ་མུ་གེའི་རྐང་ལམ་འཐེན་པའི་ལོ་རྒྱུས་ལས་ཤེས་རབ་ཀྱི་སྣང་བ་ཐོབ་པའི་ཉི་མ་ཞིག་ཤར་མ་མྱོང༌། བདག་གི་སྙིང་ཁོངས་ན་སུབ་ཏུ་མེད་པའི་ན་ཟུག་གི་རྨ་ཁ་དེ་ལྟར་བཞགས།
ཀྱཻ་ྋགོང་ས་མཆོག དྲང་བདེན་གྱི་སེམས་པ། སྒྱུ་མའི་མནར་གཅོད་རྫོགས་མེད་ཀྱིས་གསོད་དུས། བདག་གིས་བདེན་རྫུན་དབྱེ་ཞིབ་མཐོང་བའི་ལྷ་སྲུང་དང༌། ཆོས་ཉིད་གསལ་དུ་རྟོགས་པའི་བླ་མ་ཞིག་མེད་པར་སྙམ། འོན་ཀྱང༌། ཁྱེད་ཀྱིས་བདེན་དོན་ལ་གསལ་འགྲེལ་བྱེད་ཐེངས་རེ་རེར།  གཡང་གཟར་དུ་ཕྱོགས་པའི་བདག་གི་སེམས་འགྱུ་ཕྱི་རུ་འཁོར་ཏེ། རང་ཉིད་ཀྱི་འདུ་ཤེས་ལ་དྲང་ལྡོག་གི་དབྱེ་ཞིབ་ལན་མང་བྱས་མྱོང་ཡོད། 
ཀྱཻ་ྋགོང་ས་མཆོག བདག་གི་རྣམ་ཤེས་བསླུ་མེད་ཀྱི་ཡུལ་དུ་གནས་པ། ཁྱེད་ཁོ་ནའི་བྱིན་རླབས་ལགས། འོན་ཀྱང་གནོད་སྦྱིན་ནག་པོའི་ཟིལ་ཤུགས་ནི་ཕྱོགས་མཐའི་རླུང་བུ་ཇི་བཞིན། བདག་གི་ཚེ་སྲོག་གཡུལ་ས་རུ་འཁུར། ཤེས་རབ་ཀྱི་ལམ་བུ་རྐང་འོག་ནས་འཕྲོག་ཅིང༌། ལྷིང་འཇགས་ཀྱི་ཁོར་ཡུག་ལ་གཡོ་འཁྱོམ་བརྒྱབ། འདི་ནི་ངའི་འཇིག་རྟེན་ང་ལ་མི་དབང་བའི་དུས་ཚོད་ཉེན་འཕྲང་ཅན་ཞིག་སྟེ། དེ་ནི་སྡེ་བརྒྱད་འཁྲུགས་པའི་ཟློས་གར་གྱིས་གཟིལ་བའི་རྣམ་ཤེས་ཤིག་གི་སྡུག་བསྔལ་མྱོང་སྟངས་ཤིག་ལགས།
ཀྱཻ་ྋགོང་ས་མཆོག མཚམས་འདི་ནས་བདག་གིས་སྐད་ཆ་གཞན་དུ་བསྒྱུར་ནས་བཤད། གནམ་སྔོན་པོས་བདག་ལ་གདམ་ག་ཞིག་བསྩལ་བྱུང༌། འཆི་བ་ལས། ངུར་སྨྲིག་གི་འཇིག་རྟེན་ནས་བུད་དེ། མི་ནག་གི་སྒོ་ཁྱིམ་བརྒྱུད། བཤད་ཡམས་ཆེ་བའི་སྤྱི་ཚོགས་ཀྱི་ཁྲིམས་ཁང་ནང་བཙོན་འཇུག་བྱ་རྒྱུ་དེ་རེད། བདག་ལ་སྒུལ་ཤུགས་མེད། བདག་ལ་གསོན་སྟོབས་མེད། བདག་ལ་ཅི་ཡང་མེད། འདི་ལྟར་བདག་བཙོན་ཁང་དུ་ལྷུང༌།
ཀྱཻ་ྋགོང་ས་མཆོག རྐང་ལག་རྒྱངས་ཤིང་དུ་བསྡམས་པའི་ཉེས་མེད་བཙོན་པ་ཞིག་གིས། ཁྱེད་ལ་གསོལ་བ་འདེབས། ཁྱེད་ཀྱི་གསེར་ཞལ་མིག་ལམ་དུ་སྒོམ་བཞིན། བདག་གིས་སྐྱེ་བ་ནས་སྐྱེ་བའི་བར་དུ་དགྲ་ལ་མགོ་བོ་མི་སྒུར་ཞིང༌། འདྲེ་སྲིན་གྲོགས་སུ་མི་འཛིན་ཟེར། འདི་ནི་ཚེ་སྲོག་དགྲ་ལག་ལ་ཤོར་བའྀ་སྐྱེས་བུ་ཞིག་གི་ཆོད་སེམས་ཉག་གཅིག་ལགས།  
ཀྱཻ་ྋགོང་ས་མཆོག ནམ་མཁའ་སྔོ་ཞིང་དྭངས། ཉི་མའི་འཛུམ་མདངས་ལེགས། བསིལ་རླུང་དལ་བུར་ལྡང༌། དཀར་ངོགས་ཀྱི་འཇིག་རྟེན་འདི་ནས་བདག་གི་མི་ཚེ་འདི་ལྟར་བཞུད་སོང༌།  བདག་གིས་མི་ཚེའི་མྱོང་རྟོགས་ཀྱི་སེམས་པ་ཞིག་ཡིག་ངོགས་ཀྱི་འཇིག་རྟེན་ན་སྐྱོམ་བཞིན་ཁྱེད་ཀྱི་མཁྱེན་བརྩེའི་འོད་སྟོང་ལ་སྒུག་ནས་ལགས།  
ཀྱཻ་ྋགོང་ས་མཆོག སྙན་ངག་གི་མཆོད་པ་འདི་ནི། སྲིན་པོ་ངོ་དམར་ཞིག་གི་གཟིར་ཤུགས་འོག སྐབས་རེར་འཆི་ཞིང༌། སྐབས་རེར་གསོན། ཡང་ཤི་ཡང་གསོན་དགུ་རུ་མྱོང་བའི་ཟིན་ཐོ་ཞིག་ཡིན། འདི་ནི་རང་ཉིད་ཤི་གསོན་རེས་མོས་ཀྱི་བར་གསེང་རེ་རེར།  སེམས་སྤོབ་དབུ་ཆང་གིས་བསྐྱེད་ནས་བྲིས་པ་ལགས།  འདི་ན་བདག་གི་མེས་པོ་རྣམ་པའི་ཕྱི་རྗེས་ལ་བསྙེན་བཀུར་དང༌། ཤ་ཁྲག་རུས་རྐང་གཅིག་པའི་བདག་གི་མི་རིགས་ཀྱི་ཞེན་ཆགས། བཙན་པོའི་རྒྱལ་ཁབ་རྗེས་སུ་དྲན་པའི་གདུང་དབྱངས་སུ་གླུ་སྐད་བསྲེས་ནས་སྙན་པར་བརྗོད་ཁུལ་བྱས་ཡོད། སྙན་ཚིག་གི་ས་བོན་འདི་དག་ཤོག་དཀར་ཐང་དུ་བཏབ་ན་འདོད་ནས་ལོ་མང་ཕྱིན་ཀྱང༌། སྐྱ་ཟད་ཆེ་བའི་བདག་གི་འཚོ་བའི་ཁྲོད་ནས་ཅི་ནས་ཀྱང་སྙན་དེབ་ཀྱི་ལྗང་ལོ་ཞིག་སྐྱེས་མ་ཐུབ་ལགས། འོན་ཀྱང་དེ་རིང་གཞོན་སྐྱེས་ཤིག་གི་རིག་སྟོབས་ལ་བརྟེན་ནས་དྲྭ་ངོགས་ཀྱི་འཇིག་རྟེན་འདིར་་གངས་ལྷ་མེ་ཏོག་གི་ཚུལ་དུ་བཞད་བསྐལ་ཐོབ་ཡོད་ན། ཁྱེད་ཀྱི་ཡེ་ཤེས་མཁྱེན་དཔྱོད་ཀྱི་དབྱངས་སུ་མཆོད་སྤྲིན་དུ་འགྱུར་བ་སྨོན། ཀྱཻ་ྋགོང་ས་མཆོག་་་་་་་་་་་་
ཕྱི་ལོ་༢༠༡༠།༩།ནས་ཕྱི་ལོ་༢༠༡༡ །༤། ༡༦ བར།  ལྡི་ལི་ནས།