Wednesday, 11 May 2011

པིར་སྨྱུག་བུ་མོའི་བརྩེ་གླུ།



ཤིང་ལྗོན་བཟང་ལོ་མའི་མཛེས་སྡུག་ལ་རོལ་བའི།།
བྱ་ཁུ་ལོའི་གསུང་གི་འགྱུར་ཁུག་ལ་དྲངས་ནས།།
ཤ་རུས་རྒྱུད་གཅིག་པའི་སྤུན་ཟླ་ཡི་ཚོགས་ལ།།
སེམས་གཏིང་ན་ལྕི་བའི་སྐད་ཆ་ཞིག་ངས་བཤད།།

ཕྱི་དགྲ་བོས་ལྕགས་ཀྱིས་རྐང་ལག་ཀུན་བཅིངས་ཡོད།།
ནང་ལུགས་སྲོལ་ངན་པས་སེམས་ཁམས་ཀྱང་བཟུང་འདུག།
དགྲ་ཕྱི་ནང་གཉིས་ཀྱི་བཙན་དབང་གི་བར་ནས།།
བློ་རིག་པའི་སྟོབས་ཀྱིས་བདེན་བ་ཞིགའཚོལ་དགོས།།
སྤྲིན་དཀར་པོའི་སེམས་ཀྱི་འདབ་མ་ལ་རོལ་པའི།།
གསེར་འབྲུག་ཆུང་དགའ་བའི་མགྲིན་གླུ་ལ་དྲངས་ནས།།
སེམས་ཚོར་འགྱུ་འབྲི་བའི་སྙན་ངག་པའི་སྡེ་ལ།།
ཆར་བསིལ་མ་འབབ་འདྲའི་གསུང་གླེང་ཞིག་ངས་བཤད།།

སྔོན་བཙན་པོའི་ལོ་རྒྱུས་བར་སྣང་ནས་འཐོར་དུས།།
གངས་དཀར་པོའི་འཇིག་རྟེན་མི་ཁྲག་གིས་བསྣུབས་སོང༌།།
བློ་རིག་པའི་རལ་གྲི་རྣོ་བོ་རེ་ཡོད་ན།།
རང་མེས་པོའི་ཁྱིམ་གཞིས་དགྲ་དཔུང་ནས་ལེན་ཆོག།
གངས་ལྷུན་པོའི་དཔལ་གྱི་མྱུ་གུ་ལ་རོལ་བའི།།
སེང་དཀར་མོའི་མགྲིན་པའི་ངར་གླུ་ལ་དྲངས་ཏེ།།
དེང་གཞོན་ནུའི་སེམས་ཀྱི་ལྷ་མོ་ཡི་མདུན་ན།།
གཏམ་མེ་ཏོག་འཛུམ་པའི་ཆུན་པོ་ཞིག་ངས་འབུལ།།

ལམ་ལུགས་སྲོལ་ནག་པོའི་ར་བ་ན་རྩེན་པའི།།
བློ་ཤེས་རྫུན་སྨྲ་བའི་ཀླད་ལྗང་གི་སྡེ་ལ།།
ལག་སྨྱུ་གུ་བཟུང་ནས་གཡུལ་ངོ་ལ་ཞུགས་དང༌།།
བློ་རིག་པའི་སྒོ་མོ་གནམ་ས་ལྟར་ཕྱེ་ཡོང༌།།
དུས་དབྱར་ཟླ་དང་པོའི་མཛེས་སྡུག་ལ་རོལ་བའི།།
བྱ་འཇོལ་མོའི་སྙིང་གི་གསང་གླུ་ལ་དྲངས་ཏེ།།
ལོ་ན་ཚོད་སྨིན་པའི་བྱིས་པ་ཡི་ཚོགས་སུ།།
ཟས་འོ་ཆུ་ལྟ་བུའི་སྐད་ཆ་ཞིག་ངས་བཤད།།

རྟ་ནོར་ལུག་འཚོ་བའི་སྤང་ལྗོངས་དེ་བཞགས་ནས།།
མཁར་གྲུ་བཞི་བརྩིགས་པའི་སློབ་གྲྭ་རུ་ཆས་ཏེ།།
སྐད་ཡི་གེ་འབྲི་སའི་ཤོག་སྨྱུག་རེ་བཟུང་ན།།
རང་མེས་པོའི་རྒྱལ་ཁབ་རིག་པ་ཡིས་བསྐྲུན་ཡོང༌།།
དགུང་ནམ་མཁའི་འཕུར་ལམ་རིང་མོ་དེ་འཛིན་པའི།།
བྱ་ཁྲུང་ཁྲུང་དཀར་མོའི་སྐྱོ་གླུ་ལ་དྲངས་ནས།།
བོད་གཞིས་བྱེས་གཉིས་ཀྱི་བདེ་སྡུག་གི་འཕྲིན་བ།།
ས་མི་མཇེད་ཞིང་གི་ཁྱོན་ཡངས་ན་ངས་འབྲི།།

No comments:

Post a Comment