Friday, 29 April 2011

སོ་སྐྱེས་སྙན་ངག




གཡུ་ཡི་ལང་ཚོའི་མཛེས་པ་ཀུན་འཕྲོག་གི་ལྷ་མོ།།
ཟག་མེད་བདེ་བའི་དཔལ་སྟེར་རྗེ་བཙུན་གྱི་སྒྲོལ་མ།།
འཇིགས་པ་བརྒྱད་ལས་སྐྱོབ་པའི་བརྩེ་ཆེན་གྱི་ཨ་མ།།
གསོན་སྙིང་མེ་ལ་བསྲེག་པའི་བུ་ང་ལ་གཟིགས་དང༌།།

སྙིང་རླུང་ཁོང་ནས་འཁྲུགས་པའི་རྒྱ་སྟག་གི་ང་རོ།།
ཤུགས་ཆེན་མགྲིན་ནས་བསྐྱེད་པས་ཁ་ཤ་རང་འདར་གྱིན།།
སེམས་ཀྱི་ཚང་ལ་གནས་པའི་རབ་དཀར་གྱི་ཕུག་རོན།།
དམར་པོ་ཁྲག་གིས་སྦགས་པའི་སྣང་བ་འདི་མི་སྐྱིད།།

འདོད་སྲེད་རླབས་ཀྱིས་ཕྱུག་པའི་རྦབ་ཆུ་ཡི་འགྲོས་གར།།
གྱེན་དུ་བཟློག་པ་མེད་ལ་ཞེན་ཡུལ་གྱི་ལང་ཚོ།།
ཧུབ་ཀྱིས་འཐུང་བར་རྒྱུགས་པའི་དྲན་ཤེས་ཀྱི་བུ་ཆུང༌།།
གཟར་བོའི་གཡེང་ལ་ཁུར་བའི་འཚོ་བ་འདི་མི་སྐྱིད།།

སྡང་བའི་གློག་ཞགས་མཆེད་པའི་སྤྲིན་ཕུང་གི་གསེབ་ལས།།
ཕྲག་དོག་དུག་གིས་གཟིར་བའི་གཡུ་འབྲུག་གི་ཁ་ནས།།
ངོ་མཚར་ཡུལ་ལས་འགོངས་པའི་མཛེས་སྡུག་གི་སྐྱེད་ཚལ།།
གནམ་ལྕགས་ཐོག་གིས་གཞོམ་པའི་ཁོར་ཡུག་འདི་མི་སྐྱིད།།

མུན་པའི་ཁ་དོག་བརྩེགས་པའི་སྨག་རིམ་གྱི་ཀློང་ནས།།
སྣང་བའི་མེ་ལྕེ་གསོད་པའི་གཟུགས་མེད་ཀྱི་འབྱུང་པོས།།
རྨོངས་པའི་ཞགས་རིང་བཏབ་པས་སེམས་ཉིད་ཀྱི་ལྷ་མོ།།
འགུལ་མེད་དམ་དུ་བཅིངས་པའི་བཙོན་ཁང་འདི་མི་སྐྱིད།།

སེམས་པ་གཟེངས་ཀྱི་གཡུ་རལ་ཨ་སྔོན་དུ་གསིག་པའི།།
ཕྱོགས་ཀྱི་མགོན་ལ་སྙེམས་པའི་ང་རྒྱལ་གྱི་སེང་གེས།།
ཞི་དུལ་སྙིང་གི་དྭངས་མ་སྐྱེས་མཆོག་གི་གཞོན་ནུ།།
དྲེགས་པའི་སྡེར་ལ་ཚུད་པའི་གོམས་གཤིས་འདི་མི་སྐྱིད།།

ཡོད་ཡོད་མཛེས་པར་བསྒྱུར་པའི་རྣམ་གཡེང་གི་སྲིན་མོ།།
མཐོང་ལམ་འགོག་པ་མེད་པར་ངོ་མཚར་གྱི་སྒྱུ་མས།།
ཡིད་ཀྱི་བརྟན་པར་གནས་པའི་རྣམ་དཔྱོད་ཀྱི་བུ་ལ།།
བླ་སྲོག་སྙིང་ནས་འཁྱེར་བའི་སྤྲང་འཁྱམས་འདི་མི་སྐྱིད།།

སྙོམས་ལས་གཉིད་ཀྱི་བདེ་བ་ཨ་འཇམ་གྱི་ཚ་རུ།།
རྒྱུན་དུ་གོས་སུ་གྱོན་པའི་ལེ་ལོ་ཡི་བདག་པོས།།
ཤེས་བྱའི་ལོངས་སྤྱོད་འཐུང་བའི་རྣམ་རིག་གི་བུ་ལ།།
བརྩོན་པའི་སྤོབས་པ་འཕྲོག་པའི་སེམས་པ་འདི་མི་སྐྱིད།།

དགེ་བའི་རོ་བཅུད་སྣུམ་པོའི་འཚོ་བ་དེ་བསམ་ནས།།
ཞི་བྲལ་ཉོན་མོངས་མཐུག་པའི་སྒོ་གླེགས་ཀྱི་དངོས་སུ།།
དཀའ་དང་གདུང་བ་དྲག་པོས་ཡང་ཡང་དུ་འཐབ་ན།།
སེམས་ཀྱི་ཤེལ་གོང་ཆག་པའི་ཟུག་རྔུ་འདི་མི་སྐྱིད།།

འབྱུང་བཞིའི་ཁམས་སུ་འདྲེས་པའི་ལུས་ཕུང་གི་འདུ་བ།།
མི་སྙོམས་ཀུན་ནས་དཀྲུག་པའི་ན་ཡིག་གི་འོག་ཏུ།།
རྣག་དང་ཁྲག་གི་འཚོ་བའི་གདུང་བ་རང་སྤྱོད་པས།།
རྩེ་དགོད་སྣང་བ་མེད་པའི་མི་ཚེ་འདི་མི་སྐྱིད།།

ལུས་ཀྱི་ལང་ཚོ་མུན་པའི་ཁུང་གསེང་དུ་ཡིབ་དུས།།
ཚེས་ཆེན་འཛུམ་པའི་བཅུད་ཀྱི་སྐྲ་ལོ་རུ་བཞད་དེ།།

དབང་ལྔའི་ཕུན་ཚོགས་བཅོམ་པའི་དགྲ་བོ་ཡི་སྔོན་དུ།།
ཤ་རུས་འཁྲི་ཤིང་རྒས་པའི་ལུས་རྟེན་འདི་མི་སྐྱིད།།

འཆི་བདག་ཆུ་སྲིན་ཁྲོས་པའི་འཇིགས་རུང་གི་ཁ་ནས།།
ཨུ་ཧུའི་མགྲིན་མཚོ་འཕྱུར་བའི་ཉམ་ཐག་གི་བུ་ལ།།
ཡིད་འཕྲོག་འཕགས་མའི་ཐུགས་ཀྱི་རྩེ་དགའ་རང་བརྐྱང་སྟེ།།
ཤར་ཕྱོགས་གཡུ་ལོ་བཀོད་པའི་ཞིང་ཁམས་སུ་དྲོངས་ཤིག །
་་་་་་་་་་་་་་་་་་་་་་་་་་་་་་་་ཤཱཀྱའི་འོད་སྣང་དུས་དེབ་ཏུ་བཀོད་ཡོད།

No comments:

Post a Comment