ྋགོང་ས་མཆོག་གི་རང་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པར་མཇལ་རྗེས།
བསིལ་སྣང་དྲི་བཞོན་ལག་པ་འཇམ་པོ་ཡིས།།
ཁ་བའི་མེ་ཏོག་གཏོར་བའི་གླིང་ཞིག་ན།།
རྗེས་ཆགས་ཐུགས་ཀྱི་ཞགས་པ་དཀར་པོ་ཡིས།།
ཉམ་ཐག་འགྲོ་ལ་བཅིང་པའི་ལྷ་སྲས་ཤིག།
སྔོ་ལྗང་འཛིན་མའི་སྤུ་ལ་འཐོར་རླུང་གིས།།
རླབས་ཀྱི་ཕྲེང་བ་འབྲི་བའི་ལྗོངས་ཤིག་ན།།
བརྩེ་ཆེན་འོ་མའི་ཆུ་གཏེར་མངར་མོ་ཡིས།།
ལྷ་མིའི་རི་གྲོང་སྐྱོང་བའི་ལྷ་སྲས་ཤིག །
མཐོ་བརྗིད་ཕོ་བྲང་དཀར་པོའི་ཟིལ་ཤུགས་ཀྱིས།།
ཆུ་འཛིན་ས་ལ་བཏིངས་པའི་ཡང་ཐོག་ན།།
མངའ་འབངས་གསེར་གྱི་འཁོར་ལོའི་མཛེས་སྡུག་དེ།།
འཇམ་མཉེན་ཕྱག་གིས་འཆང་བའི་ལྷ་སྲས་ཤིག །
མི་འཇིགས་སེང་གེའི་སྤར་ཁྱིམ་ཡངས་པོ་ཡིས།།
པདྨའི་ཁྲི་འཕང་བཏེགས་པའི་གདན་སྟེང་ན།།
སྣང་སྲིད་གནས་ལུགས་རྟོགས་པའི་མཁྱེན་དཔྱོད་ལས།།
འོད་ཀྱི་ཟེགས་མ་འགྱེད་པའི་ལྷ་སྲས་ཤིག །
མདོ་སྔགས་ཆོས་ཚུལ་སྒྲོག་པའི་དབྱངས་སྙན་གྱིས།།
དད་གསུམ་སྙེ་མ་གཡོ་བའི་ལྡིང་ཁང་ན།།
ཕྱི་ནང་དབྱིན་བོད་ཤེས་བྱའི་ཉིང་བཅུད་ལས།།
རིག་པའི་ཟླ་བ་རྒྱས་པའི་ལྷ་སྲས་ཤིག །
མི་བསྲུན་འབྱུང་པོས་ཆོ་འཕྲུལ་སྣ་ཚོགས་ཀྱིས།།
ཡོད་ཡོད་མཛེས་པར་སྤྲུལ་པའི་སྐྱེད་ཚལ་ན།།
རང་སྣང་རིག་པའི་རྐང་ལམ་འོད་ཆེན་དེ།།
འཁྲུལ་མེད་དམ་དུ་བཟུང་བའི་ལྷ་སྲས་ཤིག །
གཟི་འབར་ཉི་མའི་འཛུམ་གྱིས་མ་ཞུ་བའི།།
གནའ་བོའི་གོམས་གཤིས་འཁྱགས་པོའི་ཀློང་ཡངས་ན།།
རིག་པའི་འོད་ཁྱིམ་སེར་པོའི་དྲོད་རླབས་ཀྱིས།།
དཔྱིད་ཀྱི་དཔལ་མོ་བསུ་བའི་ལྷ་སྲས་ཤིག །
རྙིང་ཞེན་མུན་ནག་ཁྲོས་པའི་འཇིགས་རུང་ལ།།
གསར་བྱུང་རིག་པ་བྲོས་པའི་རྫོང་ཞིག་ན།།
ཐབས་དང་ཤེས་རབ་བསྣོལ་མའི་རླབས་ཤུགས་ཀྱིས།།
འཇའ་ཚོན་གུར་དུ་ཕུབ་པའི་ལྷ་སྲས་ཤིག །
མཁྲེགས་འཛིན་གོར་མ་བརྩེགས་པའི་ལྗིད་ཤུགས་ཀྱིས།།
ཆོས་སྲིད་ཀ་བ་ཆག་པའི་མཁར་ཤུལ་ན།།
ཤེལ་གྱི་ལང་ཚོ་སྨིན་པའི་སེམས་ཤུགས་ཀྱིས།།
སྲིད་ཞིའི་ཕོ་བྲང་བཞེངས་པའི་ལྷ་སྲས་ཤིག །
རྨོངས་པས་རྨོངས་པར་བརྡར་བས་ངལ་བ་ཡིས།།
སྐུ་དཔོན་བློ་སྣ་ཟད་པའི་གྲལ་གཅིག་ན།།
ལུས་མེད་སྲིན་པོའི་ཚོགས་ཀྱི་གཡུལ་ངོ་ལ།།
གཅིག་པུས་འཇིག་པ་འགོག་པའི་ལྷ་སྲས་ཤིག །
སྙིང་གི་དུག་རི་འབར་བའི་ཁ་རླངས་ཀྱིས།།
གནམ་སའི་ཐུ་བ་བསྣོལ་བའི་ཤར་མཐའ་ན།།
གངས་རིའི་མངའ་ཐང་སྐྱོང་བའི་ལས་འགན་གྱི།།
ཕ་བོང་ཕྲག་ན་ཁུར་བའི་ལྷ་སྲས་ཤིག།
མུ་འབྲེལ་དམག་གི་རྦ་རླབས་འཕྱོ་བའི་དཔྱིད།།
སྡིག་པའི་མེ་སྟག་འཕྱུར་བའི་པེ་ཅིང་ན།།
ཤ་ཚའི་སེམས་གཏམ་ལྟ་བུའི་སྙན་འཇེབས་ཀྱི།།
སྒྱུ་མའི་རྒྱ་ལས་ཤོར་བའི་ལྷ་སྲས་ཤིག།
ཀླ་ཀློའི་དཔུང་ཚོགས་བསླེབས་པའི་འུར་ཟིང་གིས།།
བདེ་སྐྱིད་སྣང་བ་དཀྲོག་པའི་བོད་ཡུལ་དུ།།
བློ་སྤོབས་ཁེངས་པ་མིན་པའི་བཀའ་ལུང་གིས།།
འཇིག་རྟེན་བསྒྱུར་བར་འདོད་པའི་ལྷ་སྲས་ཤིག།
ཕྱི་དང་ནང་གི་དགྲ་དཔུང་འབྲེལ་གཅིག་གི།
རྩོད་རྙོག་རྦ་རླབས་འཐབ་པའི་ལས་ཁུངས་ན།།
རང་ཕྱོགས་བརྟན་པོར་འཛིན་པའི་མི་རྒན་ལས།།
རྒྱབ་དཔུང་རྡང་ཐག་ཆད་པའི་ལྷ་སྲས་ཤིག།
དུས་མཐའི་སྲི་ངན་ལངས་པའི་གཟེར་ཤུགས་ཀྱིས།།
གོ་ལས་ངུ་སྐད་ཤོར་བའི་བར་སྣང་ན།།
ཕྱག་དབང་འོད་ཀྱིས་མནན་པའི་ཤཱཀྱ་ཡི།།
བཀའ་ལུང་ཁུར་དུ་བཞེས་པའི་ལྷ་སྲས་ཤིག།
རྣོ་ངར་མཆེ་བ་བགྲད་པའི་གཅན་གཟན་ལ།།
རྒོལ་བའི་ལག་རྡུམ་གླེན་པའི་མུ་ཁྱུད་ན།།
ཟིམ་ཟིམ་སྙིམ་པ་སྦྱོར་བའི་བདེ་གཤེགས་ལ།།
རེ་བའི་སྨོན་འདུན་བཅོལ་བའི་ལྷ་སྲས་ཤིག།
མེ་སྒྱོགས་རྡང་ལ་བསྟར་བའི་ཁ་སྒོ་རུ།།
འདབ་བརྒྱའི་མགོ་ལྕོག་ལྡེམ་པའི་སྐྱེད་ཚལ་ན།།
ཤཱཀྱའི་ན་བཟའ་ཕུད་ལ་སྐྱོ་སྣང་གིས།།
ཡིད་ཀྱི་མཚོ་མོ་སྐྱོམ་པའི་ལྷ་སྲས་ཤིག།
མཚན་མོའི་མུན་པ་སྲིད་ལ་འབབ་ཐེངས་ཀྱིས།།
ཟླ་བའི་འོད་སྣང་ཞན་པའི་གནམ་འོག་ན།།
གོམ་ཁའི་རྡོག་སྒྲ་གཅིག་པོས་ཁོར་ཡུག་གི།
ལྷིང་འཇགས་དཀྲོག་ལ་དོགས་པའི་ལྷ་སྲས་ཤིག།
ཡུལ་གྱི་རྒྱལ་ཁམས་འགྲིམས་པའི་ལམ་སྣེ་རུ།།
གོམ་པ་དང་པོ་སྤོ་བའི་སྒོ་ཐེམ་དུ།།
དམག་གི་གོ་ཆ་གྱོན་པས་གསང་བ་དང༌།།
གྱེས་གདུང་ཐུགས་ན་ལྕི་བའི་ལྷ་སྲས་ཤིག།
མེ་མདའི་སོ་མིག་སྟོང་གིས་མ་ཟིན་པར།།
གཙང་པོས་སྐྱེལ་མ་མཛད་པའི་ཕ་རོལ་ན།།
དགྲ་དཔུང་གར་ཡོད་མ་ངེས་བཞུད་ལམ་དུ།།
སྐྱོ་འཇིགས་སྣང་བ་འཚེར་བའི་ལྷ་སྲས་ཤིག།
རི་ལུང་གསང་ལམ་ཉུལ་བའི་དཀའ་གདུང་གི།
ལོ་ཟླའི་ཕྲེང་ཐག་རྒྱུས་པའི་ཁུག་པ་ན།།
ནོར་གླིང་ཁྲག་གིས་སྐྱོམ་པར་མཁྱེན་རྟོགས་ཀྱིས།།
སྤྱན་ཆབ་རྡུལ་དང་འདྲེས་པའི་ལྷ་སྲས་ཤིག།
རང་བྱུང་མཛེས་སྡུག་ས་གཞིའི་ཁོངས་ཡིབ་ཅིང༌།།
དྲག་རླུང་འཚུབ་མ་འཁོར་བའི་ནམ་ཟླའི་འོག།
ཁྲུང་ཁྲུང་ལྷོ་ལ་འཕུར་བའི་ཡུལ་ཕྱོགས་སུ།།
རེ་བའི་སེམས་པ་འཁོར་བའི་ལྷ་སྲས་ཤིག།
ནུབ་ཁའི་ཉི་མ་དམར་པོའི་མཚོན་མདངས་ཀྱིས།།
འཇིག་རྟེན་ཡོངས་སུ་བསྒྲིབས་པའི་ལ་ཁ་ནས།།
བསིལ་ལྡན་ལྷ་ཡི་གྲོང་ཁྱེར་དཀར་པོ་རུ།།
ཡང་ཡང་ཕྱི་མིག་བལྟ་པའི་ལྷ་སྲས་ཤིག།
གངས་རིའི་མུ་ཁྱུད་བརྒལ་པའི་ཕར་ཕྱོགས་ན།།
རྒྱུས་མེད་མི་ཡུལ་འགྲིམ་པའི་ལྷ་སྲས་ཤིག།
གངས་སེང་དཀར་མོའི་གསོན་སྙིང་དྲོན་པོ་དེ།།
འཇིག་རྟེན་རྒྱལ་ཁམས་བསྐོར་པའི་ལྷ་སྲས་ཡིན།།
No comments:
Post a Comment