Monday, 9 May 2011

ཨ་ཡིག་དཀར་པོའི་སྐྱེ་མཆེད།


                
བྱིས་དུས།
དྭངས་གཙང་གི་སེམས་པ།
ལོ་ཟླའི་བཞུར་རྒྱུན་དང་འདྲེས་ཏེ།
ནོར་ནག་གི་ལྷས་བར་ནས་གསལ་གསལ་དུ་བཞད།
གསལ་གསལ་དུ་འཚེར་བའི་བློ་རིག
ཉི་གཞོན་ཀྱི་འོད་འཛུམ་གྱིས་བསྐྱེད་དེ།
བདེ་སྣང་གི་ཀློང་ན་མུམ་བའི་རྣམ་ཤེས།
ཁ་བའི་མེ་ཏོག་དཀར་པོས་མདུན་བསུ་བྱས།
གཞོན་དུས།
དབྱར་འགོ་མའི་ཁུ་བྱུག
རི་ལུང་གི་བུ་མོ་དང་འགྲོགས་ཏེ།
ཞོགས་ཉི་དམར་པོའི་དབྱངས་རྟ་ལྷང་ལྷང་དུ་གྱེར།
ལྷང་ལྷང་དུ་གྱེར་བའི་མགྲིན་པ།
དབྱངས་གསལ་སོ་བཞིའི་རྩེ་འཇོ་ལ་དུང་ཞིང༌།
རིག་རྩལ་གྱི་ཀློང་ནས་དར་བའི་རྣམ་ཤེས།
མེས་པོའི་བསམ་གཞིགས་དཀར་པོས་མདུན་བསུ་བྱས།
དར་མ།
མཁའ་ལམ་དུ་བསྐྱོད་པའི་ཁྲུང་ཁྲུང་ཁྱུ་གཅིག
ནམ་ཟླའི་དྲོ་གྲང་དང་བསྟུན་ནས།
གཤོག་འགྱུར་གྱི་ཟློས་གར་ལྷབ་ལྷུབ་ཏུ་བསྒྱུར།
ལྷབ་ལྷུབ་ཏུ་བསྒྱུར་བའི་གཤོག་རྩལ།
ཡངས་པའི་ནམ་མཁའ་ནས་རྩེ་འགྲན་ལ་ཆས་ཤིང༌།
ཆགས་སྡང་གི་ཀློང་ནས་སྐྱེས་པའི་རྣམ་ཤེས།
བཙན་པོའི་དཔའ་སྐད་སྟོང་གིས་སྐྱེལ་འདྲེན་བྱས།
རྒན་པོ།
 ལྗང་མདོགས་ཀྱི་གསོན་ཉམས་ཟད་བའི་སྟོན་དུས།
གྲང་རླུང་གི་གཡོ་འགུལ་དང་བསྟུན་ཏེ།
མཐོ་སྒང་གི་གངས་ཆབ་ལྷུང་ལྷུང་དུ་འབབ།
ལྷུང་ལྷུང་དུ་འབབ་པའི་སེམས་གཞས།
ཕ་གཞིས་གཙང་མའི་ལོ་རྒྱུས་ལས་མཆོང་སྟེ།
བདེ་རྫུན་གྱི་ཀློང་ན་རྒྱས་པའི་རྣམ་ཤེས།
བཙན་པོའི་གཞུང་ལུགས་འབུམ་གྱིས་སྐྱེལ་མ་མཛད།
འཆི་བ།
རབ་རིབ་གྱི་དབྱིངས་སུ་བཞུགས་པའི་གངས་རི།
གོ་ལའི་འཁོར་བསྐྱོད་དང་བསྟུན་ཏེ།
དྲང་བདེན་གྱིས་བསྐྲུན་པའི་རྡོ་རིང༌།
སེང་འབྲུག་གི་དབྱེ་མཚམས་ན་བརྗིད་བརྗིད་དུ་བཞེངས།
བརྗིད་བརྗིད་དུ་འགྱིང་བའི་བློ་སྟོབས་ཀྱི་ལྷུན་པོ།
འཇིགས་སྐྲག་གི་ཀློང་ནས་རྒྱལ་སྟེ།
རེ་བ་ཁྲི་ཕྲག་ཁུར་བའི་རྣམ་ཤེས།
གངས་རིའི་དར་ཆ་བསྐྱོད་པའི་བར་སྣང་ནས་ཆས་འགྲོ།
༢༠༠༥།་༥།༧བལ་ཡུལ་ནས།


No comments:

Post a Comment