Saturday, 23 April 2011

ན་ཡིག་འོག་གི་ཚེ་སྲོག་དང་་་་་་ལས་དབང་གཉོམ་པོའི་གླུ་དབྱངས།




༼བདེ་ལེགས་སྨན་ཁང་ནང་གི་ཟིན་ཐོ༽བལ་ཡུལ་ནས་བསྐྱར་བྲིས་བྱས་ཏེ་ངྷ་སའི་སློབ་གྲོགས་རྣམས་སུ་ཕུལ།           
ཤ་དང་ཁྲག་གི་སྲོག་རྟེན་སྙི་མོ་ཟུག་རྔུ་དཔོན་པོས་བཙན་གྱིས་བཟུང༌།།
ཚ་གྲང་གཉིས་ཀྱི་མནར་གཅོད་འོག་ནས་མལ་ཁྲིའི་རྐང་ཡང་འདར་སིག་སིག།
བཏུང་བའི་ཟས་ཀྱང་མགྲིན་ནས་སྐྱུགས་དུས་སྲོག་གི་དབང་པོ་དྲངས་ལ་ཁད།།
ཤར་ནུབ་གླིང་གི་སྨན་པའི་ཚོགས་ནི་བདག་གི་མཐའ་རུ་བསྐོར་ནས་བྱུང༌།།

འདྲི་གཅོད་མང་བའི་དབྱིན་བོད་སྐད་ཀྱིས་རྣ་བའི་འདབ་མ་གཤགས་ནས་ཐལ།།
མདོགས་སྣ་མང་བའི་སྨན་གོར་དག་ནི་མགྲིན་པའི་ལམ་ལ་འཛུལ་བར་དཀའ།།
ཟས་བཅུད་དྲོན་པོའི་ཁ་རླངས་ནང་དུ་ཡིད་སེམས་མུག་བའི་དྲི་ཞིག་བྲོ།།
སྐུ་རླུང་ཆེ་བའི་ནད་གཡོག་མ་དེའི་ཁ་ལག་གཉིས་ཀ་ཇེ་རྩུབ་རེད།།

ན་སྡུག་མ་ཐེག་རྒན་པོ་ཞིག་གིས་ཉིན་མཚན་ཀུན་ལ་ཨག་ལྷང་ལྷང༌།།
བྱིས་ཆུང་གཞོན་ནུས་གཟེར་འགོ་མ་ནོན་བར་མཚམས་མེད་པར་ངུ་ལྷང་ལྷང༌།།
ནད་རིགས་མི་གཅིག་ནད་པའི་ཚོགས་ནི་མཐོང་བའི་མོད་ལ་སྐྱོ་ལྷང་ལྷང༌།།
སྣང་ཚུལ་དྲག་པོའི་རྦ་རླབས་འདི་ཡིས་བདག་གི་བསམ་བློ་སྟེང་འོག་བརྗེས།།

གྲོགས་དང་གྲོགས་ཀྱི་མཛའ་བརྩེའི་བར་ནས་ཕ་དང་མ་ཡི་སེམས་ཤིག་རྙེད།།
མི་དང་མི་ཡི་འདུན་པའི་མེ་ཏོག་འོད་ཀྱིས་ཕྱུག་པ་ད་གཟོད་མཐོང༌།།
སུ་དང་གང་གི་མིག་ཟུང་བར་ནས་གསོན་ལ་རེ་བའི་སེམས་ཞིག་མཐོང༌།།
ཐམས་ཅད་མཐོང་བའི་ལྟད་མོའི་རྗེས་ནས་རང་གི་མི་ཚེར་འདང་ཞིག་རྒྱབ།།

གནམ་ཁབ་བུ་གའི་ཆུ་ཐིགས་རེ་ལ་ལྟ་བཞིན་ལྟ་བཞིན་འདི་ལྟར་བསམ།།
དར་གཞོན་ལུས་ཀྱི་བདེ་བ་ཡོད་ཚད་ན་དང་ཚ་བའི་ཀློང་དུ་འཐིབས།།
བློ་དང་རིག་པའི་ནུས་པ་ཡོད་ཚད་ཟུག་རྔུ་དཔོན་པོས་བཙན་གྱིས་འཕྲོག།
མི་ལ་ཡོད་ཚད་ནད་ལ་དབང་བསཧནཧཡིག་འདི་ཡང་འཆར་སྒོར་སླེབ།།

ལག་རྩ་འཁྲུགས་པའི་འཕར་ལྡིང་བར་ནས་ན་ཁྱོད་ཀྱི་གོམ་སྒྲར་ཉན།།
ཆུ་རྟགས་ཆུ་ཡི་བརླན་གཤེར་ཁམས་ནས་ན་ཡིག་ཁྱོད་ཀྱི་ཁ་དྲི་འཚོལ།།
རོ་འཛིན་ལྕེ་ཡི་ཁ་མདངས་ངོས་ནས་ན་ཡིག་ཁྱོད་ཀྱི་བྱད་གཟུགས་བཙལ།།
བདེ་སྡུག་འཁོར་ལོ་བསྐོར་བའི་ཐོབ་ཐང་ན་ཡིག་ཁྱོད་ལ་གནམ་ནས་བསྩལ།།

སྐྱེ་འཆི་བར་མའི་དུས་སྐབས་རེ་ལ་ན་ཡིག་ཁྱོད་ལ་གསོལ་བསྟོན་མང༌།།
འབྱུང་བཞི་འཁྲུགས་པའི་ཁྲག་རྩའི་སྤུབས་སུ་ན་ཡིག་ཁྱོད་ཀྱི་རྒྱུ་ལམ་དར།།
ཤ་ཁྲག་རུས་ལས་སྐྱེས་ཚད་ཐམས་ཅད་ན་ཡིག་ཁྱོད་ཀྱི་རྩེ་རྭ་ཡིན།།
རྒན་གཞོན་དར་མའི་ལུས་ཁམས་རེ་རེ་ན་ཡིག་ཁྱོད་ཀྱི་ཁྲབ་སྟེགས་ཡིན།།

རྣག་དང་ཁྲག་གི་མཚོ་མོའི་འཇིངས་ནས་ཁྱོད་ཀྱི་ལོ་རྒྱུས་རླབས་ཀྱིས་སྒྲོགས།།
རྨ་དང་འབུ་ཡི་ཚང་སྒོ་ཀུན་ཏུ་ཁྱོད་ཀྱི་བཀའ་ཁྲིམས་མེ་ལས་མཆེད།།
སྐྲས་འབུར་ཤ་ཡི་གུར་ཆུང་ནང་དུ་ཁྱོད་ཀྱི་རང་བཞིན་གཟེར་ལས་འབར།།
སྦྲིད་ཅིང་ཟུག་རྔུའི་ཚོར་ཤུགས་ཀློང་ནས་ཁྱོད་ཀྱི་ཁ་རླངས་དུག་ལས་གསལ།།

སྐྱེས་ཆེན་བླ་མར་རྟོགས་པ་མཐོ་རུང་ཤ་ཚུགས་སྐུ་ལུས་ཁྱོད་ལ་དབང༌།།
ས་སྐྱོང་རྒྱལ་པོའི་བཀའ་ཁྲིམས་བཙན་ཡང་ཁྲག་རྩའི་འདུ་འགོ་ཁྱོད་ཀྱི་ལག།
འབྱོར་ལྡན་ཕྱུག་པོས་རྒྱུ་ནོར་སྤུངས་ཀྱང་ཁྱོད་ཉིད་དགའ་སའི་དངོས་པོ་མེད།།
རྒྱུ་མེད་སྤྲང་པོ་ཁ་ཟས་མེད་ཀྱང་ཁྱོད་ལ་སྙིང་རྗེའི་བལྟ་ཕྱོགས་མེད།།

མོ་ལུང་རྩིས་པས་འོལ་ཚོད་བྱས་ན་ཁྱོད་ནི་ལྷ་ཀླུ་བཙན་ལས་རྙེད།།
ལྷ་བ་པྲ་བའི་མེ་ལོང་ནང་དུ་ཁྱོད་ནི་འདྲེ་གཤེད་གདོན་ལས་རྙེད།།
ཚད་རིག་མཁས་པའི་ཕྲ་མཐོང་ཤེལ་དུ་ཁྱོད་ནི་འབུ་སྲིན་གཟུགས་ལས་རྙེད།།
ཐབས་ཤེས་བཀྲ་བའི་མི་ཡི་ལྗོངས་སུ་ཁྱོད་ཀྱིས་སྤྲུལ་གཞི་སྣ་ཚོགས་འགྲེམ།།


སྨན་གྱི་ཐོག་མ་ཆུ་རྒྱུན་ཚ་པོས་ཁྱོད་ཀྱི་ངན་ལག་དང་པོར་བཅོམས།།
གསོ་དཔྱད་མཁན་པོས་རྩ་ལམ་བརྒྱུད་ནས་ཁྱོད་ཀྱི་གསང་བར་ལྐོག་ཉན་བྱས།།
མེ་དང་གཏར་ཁའི་ཡོ་བྱད་བཟུང་ནས་ཁྱོད་ལ་འཐབ་འཛིང་དུ་མ་བྱས།།
སྔགས་འཆང་བླ་མས་ཕུར་རྩེ་རྣོ་པོས་ཁྱོད་ཀྱི་བླ་སྲོག་བཀུག་མ་ཐུབ།།
      
གློག་དང་འཕྲུལ་གྱི་དུས་རབས་འདི་ནས་ཚན་རྩལ་རིག་པའི་སྡེ་ཞིག་གིས།།
འོད་དང་འོད་ཀྱི་རྡུལ་ཚོགས་བསྒྲིགས་ནས་ཁྱོད་ཀྱི་བླ་གཟུགས་ཨེ་མཐོང་བལྟས།།
སྨན་དང་རྫས་ཀྱི་ནུས་པ་བསྡེབས་ནས་ཁྱོད་ཀྱི་ཚེ་སྲོག་ཨེ་ཆོད་བལྟས།།
ཇི་ལྟར་མི་ལ་ཡོ་བྱད་འཛོམས་ན་ཁྱོད་ལ་དེ་ལྟར་སྒྱུ་འཕྲུལ་མང༌།།

མི་རོས་ཁེངས་པའི་དུར་ཁྲོད་ནང་ནས་ན་ཡིག་ཁྱོད་ཀྱི་བསམ་དོན་གྲུབ།།
ནད་དང་གདུང་བའི་ཚེར་ཤིང་ངོས་ནས་ན་ཡིག་ཁྱོད་ཀྱི་རེག་བྱ་རྙེད།།
ན་ཡིག་ཁྱོད་ཀྱི་རྟོགས་པ་བརྗོད་ན་མི་ཚེ་ཞིག་གི་གླེང་སྒྲུང་རེད།།
སྡུག་དང་མཆི་མའི་ཟིན་ཐོའི་སྙིང་བོ་ན་ཡིག་ནག་པོའི་གཏམ་རྒྱུད་ཡིན།།

འདི་ལྟར་བསམ་གཞིགས་རླབས་གཉེར་ཁྲོད་ནས་རང་གི་བདེ་སྡུག་སྲང་ལ་བཀྱགས།།
ན་ཟུག་ལྕི་མོའི་བཙན་ཤེད་འོག་ནས་མི་ཚེ་ཧྲིལ་བོར་སྡོམ་ཞིག་རྒྱབ།།
གླེང་རིན་མེད་པའི་ལོ་ཟླ་དུ་མ་མཚན་ཐུན་ཞིག་གི་རྨི་ལམ་འདྲ།།
ཟུག་རྔུ་འབར་བའི་འདས་པའི་འཚོ་རིམ་མི་ཚེའི་ནང་གི་རྣག་གོང་རེད།།

འདས་པའི་ལོ་རྒྱུས་སྐྱུར་མོའི་ཁ་ན་ནད་རླངས་འཐིབས་པའི་ཟིན་ཐོ་གཡེངས།།
སྣུམ་ཐིགས་བྲལ་བའི་འཚོ་ཟས་སྐྱ་བོས་ཟུངས་ཟད་ལུས་ཁམས་གསོ་མ་ཐུབ།།
གསོན་ཤུགས་ཞན་པའི་བློ་རིག་གཉོམ་པོས་ཤེས་བྱའི་སྙིང་ནོར་ལེན་མ་ཐུབ།།
ཁ་དུག་ཚ་བའི་འཚོ་བ་འདི་ནས་ཉམ་ཐག་བདག་ལ་ཡིད་ཆད་བྱུང༌།།
      
འབེན་ལ་བཞག་པའི་ཚེ་སྲོག་དྲོན་མོས་འཇིག་རྟེན་འདི་ནས་ཅི་ཞིག་ཉོ།།
གྲང་ངར་ཆེ་བའི་རི་སྒང་འདི་ནས་བླ་སྲོག་རླུང་གིས་ཁུར་གྲབས་བྱེད།།
ན་ཡིག་ནད་ཀྱི་རླངས་སྤྲིན་འཐུབས་པས་མཁའ་དབུགས་འདི་ཡང་ཇེ་རྩོག་རེད།། 
གཟུགས་རིས་མེད་བའི་མི་བོ་ཞིག་གི་སྒྱུ་མའི་ངོ་གདོང་ཇེ་མཐོང་རེད།།

ལས་འཕྲོ་ཟད་པའི་རླུང་འཚུབ་ནང་དུ་རེ་བའི་མཆོད་མེ་ད་མི་སྒྲོན།།
སྣ་ཚོགས་ནད་ཀྱི་ཤེལ་ཆག་ལམ་ལ་གཅེར་བུའི་ལུས་སུ་ད་མི་འགྲོ།།
འཁུན་སྒྲས་ཁེངས་པའི་ཁང་ཆུང་འདི་ནས་བཟོད་སྒོམ་སྣང་བ་ད་ནས་གྲོལ།།
གདུང་རྒྱུད་རུས་པ་གསེར་ལས་མིན་རུང་བྱམས་ལྡན་མ་ཡི་གཅེས་ཕྲུག་ཡིན།།

ཟུག་རྔུས་བཅོམ་པའི་ལུས་རྟེན་ལྷག་མ་སྐམ་ཞིང་རུལ་ནས་ཆག་ལ་ཁད།།
ལོ་མང་གཙེས་པའི་སེམས་ཀྱི་རྨ་ལ་རྣག་དང་ཁྲག་ཤ་འཕྱིང་ནས་འདུག།
ལང་ཚོ་ཡལ་བའི་རུས་ཀོང་སྐམ་རུང་སྐྱེས་བ་འདི་ལ་ལུས་རྟེན་འཁོ།།
ངོ་མཚར་ཆེ་བའི་སྐྱེས་སྤྲུལ་མིན་ཀྱང་རང་སྲོག་རང་ལ་རིན་ཐང་ཆེ།།
     
ན་ཡིག་གཏུམ་པོ་ཁྲོས་ཐེངས་ཤིག་གིས་ཚེས་སྲོག་དུ་མའི་རིན་ཐང་བཅོམས།།    
གནམ་འོག་ནད་ཀྱི་འཕར་རྩ་འདི་ནས་གྲགས་འགུལ་མེད་པའི་ལྗོངས་ཤིག་མཁོ།།
སློབ་གླིང་པདྨའི་སྐྱེད་ཚལ་འདི་ནས་སེམས་ཀྱི་ལྷ་མོ་ཕྱི་རུ་བླངས།།
ལྷིང་འཇགས་སེམས་ཀྱི་ཁོར་ཡུག་ཅིག་ནས་མྱ་ངན་སྨུག་བ་སངས་ན་འདོད།།
      
རེ་བའི་འདུན་པ་འཇའ་ཡི་གུར་ཁང་སྐད་ཅིག་ཉིད་དུ་བསྡུ་དགོས་བྱུང༌།།
བརྩེ་སེམས་འོད་ཀྱི་རྩིབས་སྟོང་འཁོར་ལོ་ཡུལ་ལྗོངས་གཞན་དུ་བསྒྱུར་དགོས་བྱུང༌།།
བསླབས་གསུམ་ཚུལ་ཁྲིམས་པད་མའི་སྡོང་བོ་མེ་རླུང་ཁ་ལ་བསྐུར་དགོས་བྱུང༌།།
ཧ་ཅང་སྐྱོ་བའི་ལས་དབང་འདི་ནི་ན་ཡིག་ནག་པོས་བཀའ་ཆད་ཡིན།།

སྤྱི་ལོ་༢༠༠༢། ཟླ་༥། ཚེས༡༡ །ཉིན།
བདེ་ལེགས་སྨན་ཁང་གི་ཟིན་བྲིས་བལ་ཡུལ་ནས་བསྐྱར་བཅོས་བྱས།
ཚིག་བཅད་འདི་རང་ཉིད་ཀྱི་མྱོང་ཚོར་ཕབ་འབྲི་ཁོ་ན་ཡིན།

No comments:

Post a Comment